ངའི་མིང་བསྟན་འཛིན་ཡིན། ང་རྒྱ་མི་མིན་ཞེས་པའི་དཔེ་དེབ་དབུ་འབྱེད།

རྡོ་རིང་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་དཔེ་དེབ་ <<ངའི་མིང་བསྟན་འཛིན་ཡིན། ང་རྒྱ་མི་མིན་>> ཞེས་པ་དེ་ཁོང་གིས་ལས་ཀ་མེད་པའི་དུས་ཚོད་བསྟུན་ཟླ་དགུ་རིང་བྲིས་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
IMG_5010ཟླ་འདིའི་ཚེས་༢༩ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། རྒྱ་གར་ལྷོ་ཕྱོགས་ཅེ་ནའེ་གྲོང་ཁྱེར་གྱི་རྒྱ་གར་མཐོ་སློབ་MCC ནས་ཆབ་སྲིད་ཚན་རིག་ཐོག་ཉེ་བའི་འབུམ་རམས་པ་བྱེད་མཁན་དང་། ད་ལྟའི་ཆར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ལས་ཀ་བྱེད་བཞིན་པའི། རྡོ་རིང་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་དེབ་<<ངའི་མིང་བསྟན་འཛིན་ཡིན། ང་རྒྱ་མི་མིན།>> ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་མི་མང་སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་དང་། རྩོམ་པ་པོ། དེ་མིན་ཉེ་འཁོར་གྱི་དོ་སྣང་ཅན་མང་པོས་མཉམ་ཞུགས་བྱས་སོང་།
རྩོམ་པ་པོས་བརྗོད་དོན། ཁོང་གི་དེབ་དེ་དེ་སྔར་རྒྱ་གར་གྱི་ལས་ཁུངས་ཅིག་ལ་ལས་ཀ་བྱེད་བཞིན་པའི་སྐབས། རྒྱ་གར་ཁ་ཆེ་བ་ཞིག་གིས་ཁོང་གང་ནས་ཡིན་སྐོར་དྲིས་པར། བོད་ནས་ཡིན་སྐོར་བརྗོད་སྐབས། མི་དེས་བོད་ཀྱི་སྐོར་ལ་གང་ཡང་ཤེས་ཀྱི་མེད་པས། ཁོང་གི་དེབ་དེ་འབྲི་དགོས་པའི་འདུན་པ་རྙེད་སྐོར་དང་། སྐབས་དེར་ཤོག་ལྷེ་གཉིས་མ་གཏོགས་བྲིས་མེད་ནའང་། རྗེས་སུ་མཐོ་སློབ་མཐར་ཕྱིན་ནས་བར་སྐབས་ལས་ཀ་མེད་པའི་དུས་ཚོད་དང་བསྟུན། ཟླ་༩ ཡི་རིང་དཀའ་ལས་བརྒྱབ་ནས་དེབ་དེའི་ཤོག་ལྷེ་གཉིས་ལས་༣༥༠ བར་བྲིས་པ་དང་། ཁོང་གི་དབྱིན་ཡིག་གི་གནས་ཚད་ཤིན་ཏུ་ཡག་པོ་མེད་ཀྱང་། དེ་ལ་དབྱིངས་བྱས་ནས་བྲིས་སྐོར་འགྲེལ་བརྗོད་བྱས་སོང་། དེབ་འདིའི་ནང་ལེའུ་༡༥ ཡོད་པ་དང་། བརྗོད་གཞི་གཙོ་བོ་ནི་སློབ་གྲྭ་ཐོན་རྗེས། རྒྱ་གར་ནང་དུ་མཐོ་སློབ་ཏུ་བསྐྱོད་སྐབས། མི་ཚེའི་མཐོང་ཐོས་མྱོང་གསུམ་གྱི་སྐོར་ལ་རེད་འདུག
རྒྱ་གར་གྱི་མཐོ་སློབ་དེ་ནས་ཐོན་པའི་སྐུ་མགྲོན་གཙོ་བོ་སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་རྩོམ་པ་པོའི་གྲུབ་འབྲས་ལ་བསྔགས་བརྗོད་དང་འབྲེལ་ནས་གསུང་དོན། དེབ་དེ་བཀླགས་པ་བརྒྱུད། དེབ་དེ་བཞག་སྡོད་མེད་པར་མུ་མཐུད་དུ་ཀློག་འདོད་ཆེན་པོ་སྐྱེས་ཡོད་པ། དེ་བཞིན་རྒྱ་གར་གྱི་མི་རིགས་འདྲ་མིན་མང་ཤོས་འཛོམས་ཡུལ་ནི་རྒྱ་གར་གྱི་མཐོ་སློབ་ཁག་ཡིན་པས། བོད་པའི་སློབ་ཕྲུག་རྣམས་རྒྱ་གར་མཐོ་སློབ་ལ་བསྐྱོད་སྐབས། རང་ཉིད་ཀྱི་ངོ་བོ་དེར་གལ་ཆེན་པོ་ཚོར་གྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང་།
རྩོམ་པ་པོས་ད་ལྟའི་ཆར་དེབ་གཉིས་པ་ཨ་མ་དང་བུ་ཞེས་པའི་རྩོམ་བཞིན་ཡོད་པ་དང་། དེ་ཡང་བུ་རྒྱ་གར་ལ་ཡོད་པ་དང་ཨ་མ་བོད་ལ་ཡོད་པའི་སྐོར་གྱི་དེབ་ཅིག་ཡིན་འདུག འོན་ཀྱང་ཁོང་གིས་མ་འོངས་པར་དེབ་ཀྱི་མིང་དེ་རང་གནས་སུ་འཇོག་མིན་ངེས་གཏན་མེད་སྐོར་བརྗོད་སོང་། གསར་འགོད་པ་སྐལ་བཟང་དོན་གྲུབ།