ངས་བོད་སྐད་ཡར་རྒྱས་གཏོང་ཆེད་འབད་བརྩོན་བྱེད་རྒྱུ་ཡིན།

༢༠༡༦ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་བསྟན་འཛིན་སང་ཉི་ལ་ཐོབ་པ་དང་། བོད་པའི་སྤྱི་ཚོགས་ནང་དུ་མོའི་བོད་ཡིག་བོད་སྐད་ཀྱི་ཤེས་ཚད་སྐྱོ་པོ་ཡིན་པར་སྐྱོན་བརྗོད་སྣ་ཚོགས་བྱུང་བར་བར་བརྟེན། ཁོང་གིས་གསལ་བཤད་འཕྲིན་ཐུང་ཞིག་སྤེལ་ཡོད་པ་རེད།

Tenzing Sangnyi interacts with the media after winning the crown on 5 June 2016.
www.misstibet.com

དེ་ཡང་ཟླ་༦ པའི་ཚེས་༥ ཡི་དགོང་མོར་དྷ་ས་མེག་གྷན་བོད་ཀྱི་ཟློས་གར་ཐང་སྟེང་དུ། ཉེ་འཁོར་གྱི་བོད་རིགས་སེར་སྐྱི་མི་མང་དང། ཡུལ་སྐོར་སྤྲོ་འཆམ་སོགས། མི་གྲངས་སྟོང་ཕྲག་ཁ་ཤས་ཀྱི་མདུན་དུ། བོད་ཀྱི་བུད་མེད་ན་གཞོན་བཞིའི་བར་བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལས་རིམ་མཐའ་མ་དེ་བྱས་ཡོད་པ་དང་། དྲི་བ་དྲི་ལན་གྱི་ལེ་ཚན་སྐབས། རྒྱ་གར་གྱི་ཟུར་དཔང་པ་ཞིག་གིས། ལོ་སྔོན་མའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ལ་མཉམ་ཞུགས་བྱེད་མཁན་བོད་པའི་བུད་མེད་གཅིག་པུ་དང་འགྲན་སྡུར་དེར་ཨང་རིམ་གཉིས་པ་ཐོབ་མཁན། རྒྱ་གར་མ་ན་ལི་བོད་པའི་གཞིས་ཆགས་ནས་ཡིན་པའི་བསྟན་འཛིན་སང་ཉི་ལ་དབྱིན་སྐད་ཐོག་ནས་ “གལ་ཏེ་ཁྱེད་རང་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་མ་ཐོབ་ན། མི་ཚེའི་ནང་མདུན་བསྐྱོད་གང་འདྲ་བྱེད་རྩིས་ཡོད་”ཅེས་དྲིས་པར།

མོས་གདེངས་ཚོད་ཆེན་པོའི་ཐོག་ནས་ “བོད་ཀྱི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་བྱས་ནས། མི་ཚེའི་འགྲུལ་བཞུད་ཐོག་དོན་སྙིང་ལྡན་པའི་ཉམས་མྱོང་བསགས་སོང། དེ་ལས་ངས་གསར་པ་མང་པོ་ཤེས་པ་དང། འགྱོད་སྣང་དགོས་པའི་གནད་གཅིག་ཀྱང་མེད། གལ་སྲིད་ང་རང་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་མ་ཐོབ་ཀྱང། ངས་སེམས་སྡུག་བྱེད་རྒྱུ་མིན། གང་ཡིན་ཟེར་ན་བོད་ཀྱི་མཛངས་མ་འོས་པའི་བུད་མེད་གཅིག་ལ་རྒྱལ་ཁབ་ཐོབ་ཀྱི་ཡོད་པ་དང། ཁོ་མོས་རྒྱལ་སྤྱིའི་སྡིངས་ཆར་བོད་ཀྱི་བུད་མེད་དང་བོད་ཀྱི་སྐུ་ཚབ་བྱེད་ཀྱི་རེད། ངས་མི་ཚེ་མདུན་བསྐྱོད་ཐོག མཛངས་མའི་འགྲན་སྡུར་དོན་སྙིང་ལྡན་པ་དེ་འདྲ་ཞིག་ནང་མཉམ་ཞུགས་བྱེད་རྒྱུ་བྱུང་བར་སེམས་སྐྱིད་པོའི་ངང། སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་ལན་འདེབས་བྱས་པས། མི་མང་གིས་དགའ་བསུ་ཤུགས་ཆེན་བྱས་པ་དང་།  ལས་རིམ་རྫོགས་མཚམས་ལ་ཕྱི་ལོ་༢༠༡༦ ལོའི་བོད་ཀྱི་མཛངས་མ་དེ་བསྟན་འཛིན་སང་ཉི་ལ་ཐོབ་པའི་གསལ་བསྒྲགས་བྱས་སྐབས། མི་མང་ཆེ་བས་དགའ་བསུ་དང་ཁོ་མོ་ནི་བོད་ཀྱི་མཛངས་མར་འོས་ཤོས་ཡིན་སྐོར་སོགས་ནང་ཁུལ་དུ་བསྔགས་བརྗོད་བྱེད་བཞིན་ཕྱིན་ཡོད་པ་རེད།

མཛད་སྒོ་གྲོལ་རྗེས་བཙན་བྱོལ་བོད་པའི་གསར་ཁང་ཁག་གིས་ཁོ་མོར་བཅར་འདྲི་ཞིག་བྱས་ཡོད་པ་དང་། ཕྱི་ཉིན་དེར་ཁོ་མོར་བཅར་འདྲི་བྱས་པའི་བརྙན་ཐུང་དེ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་ཏུ་ཁྱབ། ཁོ་མོའི་བོད་སྐད་དང་དབྱིན་སྐད་འདྲེས་མའི་ཐོག་གི་སྐད་ཆ་ཤོད་སྟངས། ལྷག་པར་དུ་བོད་སྐད་བཤད་སྟངས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་ཁར། ཁོ་མོར་རྒྱབ་སྐྱོར་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། དེ་བཞིན་ཕྱོགས་གཅིག་མིན་པར་སྤྱི་ཡོངས་ཀྱི་རྒྱུ་མཚན་དང་གནས་སྟངས་བརྗོད་མཁན་ཡང་ཁག་གཅིག་བྱུང་ནས། ངོ་དེབ་གཙོས་པའི་དྲ་ལམ་ཁག་ཏུ་དེའི་སྐོར་བགྲོ་གླེང་ཤུགས་ཆེན་བྱས་དང་བྱེད་བཞིན་པ་རེད།

ངོ་དེབ་ཐོག་ཁག་གཅིག་གིས་ཁོ་མོའི་བོད་སྐད་མ་དག་པ་བཤད་པར་སྐྱོན་བརྗོད་བྱེད་མཁན་དག་ནི་རྙེང་ཞེན་མཁྲེགས་བཟུང་གི་མི་སྣ་ཡིན་ཁར། བོད་ཀྱི་མཛངས་མ་དེ་ནི་རྣམ་དཔྱོད་ལྡན་པ་ཞིག་དགོས་པ་ལས་བོད་སྐད་ཡག་པོ་རྒྱག་ཐུབ་མཁན་ཞིག་དགོས་ངེས་མེད་སྐོར་བྲིས་འདུག དེ་བཞིན་ཁག་གཅིག་གིས་ཁོ་མོའི་བོད་སྐད་ཡག་པོ་མི་ཤེས་པ་དེ་ནི་བཙན་བྱོལ་བོད་མིའི་སློབ་སྦྱོང་སྤྲོད་སྟངས་ཀྱི་གནས་སྟངས་དང། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་བོད་པའི་ན་གཞོན་མང་དག་ཅིག་གི་བོད་ཡིག་དང་བོད་སྐད་ཀྱི་ཤེས་ཚད་གསལ་སྟོན་བྱེད་ཀྱི་ཡོད་པས། ཁོ་མོར་སྐྱོན་བརྗོད་དང་ངོ་ཚ་བཟོ་པ་ལས། ཕྱོགས་ཡོངས་ནས་མ་འོངས་པར་ན་གཞོན་ཚོར་བོད་སྐད་དང་བོད་ཡིག་ཡར་རྒྱས་ཡོང་ཐབས་ལ་འབད་དགོས་སྐོར་བྲིས་འདུག

དགག་ཕྱོགས་སུ་ཁག་ཅིག་གིས། དམར་ཤོག་རིང་ལུགས་ཀྱི་མཁས་པ་དེ་འདྲས་མི་རིགས་ཤིག་མེད་པར་བཟོ་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་གཏོང་དགོས་གསུངས་པ་བཞིན། བོད་ཀྱི་མཛངས་མའི་དབུ་རྒྱན་བཞེས་པའི་བུ་མོ་དེའི་གསར་འགོད་པར་ལན་འདེབས་ཀྱི་གཏམ་དུམ་འདི་གཅིག་པུ་ལ་གསལ་བཤད་གང་འདྲ་ཞིག་གནང་དགོས་སམ། མཛངས་མའི་མིང་བྱང་བཞེས་མཁན་ཚོས་མིང་དོན་དང་མཚུངས་པའི་ཐུགས་འགན་ཡང་བཞེས་རོགས།”ཞེས་དང། ཁོ་མོས་གསར་འགོད་པར་ལན་འདེབས་བྱས་པའི་དབྱིན་བོད་འདྲེས་མ་དེ། ཡིག་ཐོག་ཏུ་ཕབ་ནས་ཁྱབ་སྤེལ་བྱེད་མཁན་ཡང་འདུག ཁག་གཅིག་གིས་སྤྱིར་བཙན་བྱོལ་ནང་སྐྱེས་པའི་བོད་མི་མང་པོ་ཞིག་ལ་བོད་སྐད་དང་བོད་ཡིག་གཉིས་ཀྱི་གནས་ཚད་ཞན་པོ་ཡོད་པ་རེད་དེ། ཁོ་མོ་ནི་བོད་ཀྱི་བུད་མེད་ཀྱི་ཚབ་མཚོན་མི་སྣ་ཡིན་པས། དྲ་ལམ་ཐོག་ཏུ་རང་ཉིད་ཀྱི་ཞན་ཆ་ངོས་ལེན་དང་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་སྐོར་གྱི་འཕྲིན་ཡིག་ཀྱང་བྲིས་འདུག དྲ་ལམ་དང་སྲང་ལམ་ཁག་ཏུ། བོད་ཀྱི་བུད་མེད་ཀྱི་ཚབ་མཚོན་མི་སྣ་གང་འདྲ་ཞིག་དགོས་མིན་ཐོག་བསམ་ཚུལ་འདྲ་མིན་སྤེལ་བཞིན་འདུག་པ་དང། བོད་མི་ཞེས་པའི་ངོ་བོ་གང་འདྲ་ཞིག་དགོས་མིན་ཐོག་ལ་ཡང་མི་མཐུན་པའི་བསམ་ཚུལ་མང་པོ་འདུག

ཟླ་འདིའི་ཚེས་༡༣ཉིན་མཛངས་མ་བསྟན་འཛིན་སང་ཉིའི་ངོ་དེབ་སྟེང་དུ། མོ་རང་ལ་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་རྒྱལ་ཁ་ཐོབ་པར་ཤིན་ཏུ་དགའ་པོ་བྱུང་ཡོད་ཀྱང། ཉེ་བའི་ཆར་དྲ་ཐོག་ཏུ་མོའི་བོད་སྐད་ཀྱི་ཤེས་ཚད་ཡག་པོ་མེད་པར་སྐྱོན་བརྗོད་དང་འཕྱ་སྨོད་བྱས་པ་མ་ཟད། རྣམ་པ་ལ་ཡང་དེ་ལྟར་བྱས་ཡོད་སྐོར་བཀོད་འདུག དེ་བཞིན་མོས་ “ངས་བོད་པ་གྲོགས་པོ་ཚང་མ་དང་རྒྱབ་སྐྱོར་བ་རྣམས། ལྷག་པར་དུ་སྐྱོན་བརྗོད་བྱེད་མཁན་དག་ལ་ང་རང་སེམས་ནང་དང། རིགས་རྒྱུད་བོད་པ་ཡིན་པ་ནན་ཏན་གྱིས་ཞུ་རྒྱུ་དང། དེ་བཞིན་ང་རང་ངོས་ནས་བོད་སྐད་ཡར་རྒྱས་གཏོང་ཆེད་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་བྲིས་འདུག

མོས་མུ་མཐུད་དུ་བརྗོད་དོན། “ང་ཡང་བོད་མི་མང་པོ་ཞིག་དང་འདྲ་བར་བོད་སྐད་ཐོག་འབྲེལ་བ་བྱེད་ཡུལ་མེད་པའི་ཁོར་ཡུག་ཅིག་ནང་འཚར་ལོངས་བྱུང་བ་ལས། བོད་སྐད་འདངས་ངེས་ཤིག་མེད་པ་དེས་ང་བོད་མི་གཙང་མ་མིན་པར་སྒྱུར་མི་ཐུབ་ལ། བོད་རྒྱལ་ཁབ་ཆེད་དུ་ལས་ཀ་བྱེད་པའི་ཆོད་སེམས་སྔར་ལས་ཆེ་བ་སྐྱེས་བྱུང་བས། ཚང་མས་ངའི་ལྷག་བསམ་དང་ཆོད་སེམས་ལ་བལྟ་པ་ལས། ང་དང་ནང་མི་ལ་སྐྱོན་བརྗོད་མི་བྱེད་ཁར། སེམས་ཤུགས་སྤོར་བའི་རེ་བ་ཡོད་”ཅེས་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།