ངོ་དེབ་ཐོག་གི་རང་སྲེག་གནས་ཚུལ་དེ་བདེན་པ་ཡིན་མིན་གསལ་ཁ་མི་འདུག
ཉིན་ཤས་སྔོན་ནས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ངོ་དེབ་ཐོག་ཏུ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་དབང་རབ་བརྟན་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་གཏོང་ཐབས་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་དང་། རྩད་གཅོད་བྱེད་སྐབས་གནས་ཚུལ་དེ་དངོས་སུ་བྱུང་ཡོད་མེད་གསལ་ཁ་མེད་པ་རེད།
ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་བའི་ནང་ཁོས་འཕྲུལ་འཁོར་གྱི་སྣུམ་ཌི་ཛེལ་བེད་སྤྱད་པས། ཚིགས་སྐྱོན་ཚབས་ཆེན་བྱུང་མེད་པར་ད་ལྟ་རྒྱ་གར་ལྷོ་ཕྱོགས་གྷོ་ཝའི་སྨན་ཁང་ཞིག་ཏུ་ཡོད་སྐོར་བརྗོད་ནས། དེ་དང་མཉམ་དུ་དཔར་གསུམ་བཀོད་པ་ཞིག་ཁྱབ་བཞིན་ཡོད་པ་རེད། འོན་ཀྱང་རང་ལུས་མེར་སྲེག་ག་རེ་བྱས་ནས་བཏང་ཡིན་གསལ་པོ་གང་ཡང་བཀོད་མེད་པ་རེད།
གསར་འགོད་པས་གནས་ཚུལ་དེ་སྤེལ་མཁན་ལ་དྲ་ཐོག་ནས་འབྲེལ་བ་བྱས་ཀྱང་ལན་འདེབས་གང་ཡང་མ་བྱུང་བ་དང་། ཟླ་འདིའི་ཚེས་༤ ཉིན་གསར་འགོད་པར་མིང་བརྗོད་འདོད་མེད་པའི་གནས་ཚུལ་ཡོང་ཁུངས་ཤིག་གིས། དེ་སྔོན་སློབ་གྲྭ་ལས་སློབ་ཕྲུག་གསུམ་བྲོས་བྱོལ་ཕྱིན་ཡོད་པ་དང་། ངོ་དེབ་ཐོག་གི་གནས་ཚུལ་བཀྲམ་པ་དེ་ཁོ་ཚོ་གསུམ་དང་འབྲེལ་བ་ཡོད་སྐོར་བརྗོད་སོང་། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་སྤྱི་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་པར། ཁོང་གིས་གནས་ཚུལ་དེ་འདྲ་བྱུང་ཡོད་མེད་ཧ་གོ་ཡི་མེད་པ་དང་། རང་ཉིད་དྷི་ལིར་ཤེས་ཡོན་ཚོགས་འདུ་ལ་སླེབས་ཡོད་སྐོར་གསུངས་སོང་། སློབ་གྲྭའི་ཡིག་ཚང་དུ་ཁ་པར་ཐེངས་མང་བཏང་ཡང་ཁ་པར་བཀྱགས་མཁན་མི་འདུག་ལ། སློབ་གྲྭའི་སྒྲིག་འཛུགས་དགེ་རྒན་ལ་ཁ་པར་བཏང་ནས་དེའི་སྐོར་སྐད་ཆ་དྲིས་པར། ཁོང་གིས་གནས་ཚུལ་དེ་འདྲ་ཞིག་བྱུང་མེད་པ་མ་ཟད། ངོ་དེབ་སྟེང་གི་གནས་ཚུལ་དེ་མཐོང་མེད་སྐོར་གསུངས་སོང་།
གྷོ་ཝ་རུ་ཡོད་པའི་གཞོན་ནུའི་ཚོགས་མི་ཞིག་ལ་གནས་འདྲི་བྱས་པར། གནས་ཚུལ་དེ་ཐོག་མར་ངོ་དེབ་སྟེང་འགོད་མཁན་ནི་སློབ་ཕྲུག་བྲོས་བྱོལ་དུ་འགྲོ་མཁན་གཅིག་གིས་བཀོད་ཡོད་པ་དང་། བདེན་པ་ཡིན་མིན་རྩད་གཅོད་ད་དུང་མ་ཐུབ་པར་ཁོ་ཚོས་འཚོལ་བཞིན་ཡོད་པ་རེད།
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔོན་སློབ་ཕྲུག་གསུམ་དེ་སྒྲིག་ཁྲིམས་དང་འགལ་བ་སློབ་གྲྭས་ཧ་གོ་སོང་བར་བརྟེན། ཟླ་༡༠ པའི་ཚེས་༡༥ དང་༡༦ གང་རུང་ཞིག་ལ། ཐོག་མར་བྷེང་ལོར་གྲོང་ཁྱེར་དུ་བྲོས་པ་དང་། དེ་ནས་གྷོ་ཝར་བྲོས་ཡོད་འདུག ཁོ་ཚོ་གསུམ་ལས་གཅིག་གི་ཨ་ཅག་ལ་སློབ་གྲྭ་ནས་ཟླ་༡༠ པའི་བདུན་ཕྲག་གསུམ་པའི་ནང་ཁོ་ཚོ་གསུམ་བྲོས་བྱོལ་དུ་ཕྱིན་ཡོད་སྐོར་གྱི་ཁ་པར་སླེབས་ཡོད་པ་དང་། མོ་རང་ད་ལྟ་གྷོ་ཝར་གཞོན་ནུའི་ཚོགས་མི་དེ་དང་གཞན་གྱི་རོགས་རམ་འོག གྷོ་ཝའི་སྨན་ཁང་མང་པོའི་ནང་འཙལ་ཡོད་འདུག་ཀྱང་། རྙེད་སོན་བྱུང་མེད་པ་མ་ཟད། གནས་ཚུལ་དངོས་ཡོད་ཡིན་མིན་གསལ་ཁ་མེད་པ་དང་། ཨ་ཅག་གིས་སྤུན་ཆུང་གི་ངོ་དེབ་སྟེང་དུ་འཕྲིན་མང་པོ་བཞག་ཡོད་ཀྱང་ལན་འདེབས་བྱུང་མེད་པ་རེད།
ཟླ་འདིའི་ཚེས་༥ ཉིན་བོད་ཕྲུག་ཁྱིམ་སྡེའི་དབུས་ལས་ཁུངས་སུ་ཁ་པར་བཏང་བར། ལས་བྱེད་ཅིག་གིས། དེ་རིང་རེས་གཟའ་སྤེན་པ་གུང་སེང་ཡིན་པས། དབུ་འཛིན་མེད་པ་དང་། གནས་ཚུལ་དེའི་སྐོར་ཤེས་རྟོགས་གང་ཡང་མེད་སྐོར་གསུངས་སོང་། གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན་རང་སྲེག་གནས་ཚུལ་དེ་བྱུང་མེད་ཚོད་འདུག་ལ། རྗེས་སུ་ངོ་དེབ་ནས་བསུབ་མཁན་ཡང་ཁག་ཅིག་བྱུང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།