ངོ་དེབ་བཟོ་ཚོང་ཁང་གིས་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་ངོ་དེབ་སྒོ་བརྒྱབ་འདུག
བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་སོ་སོའི་ངོ་དེབ་“གློ་བུར་དུ་ཁ་འབྱེད་རྒྱུ་མེད་པར་གྱུར་སོང་”ཞེས་བརྗོད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཞུགས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་དེ་རིང་རེས་གཟའ་ཕུར་བུའི་ཞོགས་པར་སོ་སོའི་ཋོའུ་ཋར་(Tweeter)དྲ་བའི་ཐོག་ཏུ་ཁོང་གི་ངོ་དེབ་གློ་བུར་དུ་སྒོ་བརྒྱབ་སོང་ཚུལ་བརྗོད་འདུག
རྩོམ་པ་པོ་ཁོང་གིས་ཋོའུ་ཋར་དྲ་བའི་ཐོག་ཏུ་སོ་སོའི་སྒོ་བརྒྱབ་པའི་ངོ་དེབ་ཀྱི་འདྲ་པར་གཉིས་དང་ལྷན་དུ་རྒྱ་ཡིག་གི་འགྲེལ་བཤད་ཅིག་བཞག་པ་དེ། གྷོས་གྷོལ་(Google)གྱིས་དབྱིན་ཡིག་ཏུ་བསྒྱུར་བའི་ནང་། ཁོང་གིས་“ངའི་ངོ་དེབ་དང་ངོ་ཤོག་(Page)གཉིས་མདང་དགོང་གློ་བུར་དུ་ཁ་འབྱེད་རྒྱུ་མེད་པར་གྱུར་སོང་། ངས་ ༢༠༠༨ ལོར་ངོ་དེབ་གསར་དུ་བཟོས་པ་ནས་བཟུང་། འདས་པའི་ལོ་ངོ་ ༡༢ ནང་འདྲ་པར་དང་། རྩོམ་ཡིག བརྙན་ཐུང་བགྲང་ལས་འདས་པ་ཞིག་སྤེལ་ཡོད་ཅིང་། དེ་དག་རྩ་བའི་ཆ་ནས་བོད་དོན་སྐོར་ཡིན། ངས་རང་ལུས་མེ་སྲེག་གི་གནས་ཚུལ་ཞིག་སྤེལ་བའི་རྒྱུ་མཚན་གྱིས་ངོ་དེབ་བཟོ་ཚོང་ཁང་གིས་ངའི་ངོ་དེབ་སྒོ་རྒྱག་མྱོང་ཡོད་པ་དང་། སྐབས་དེ་དུས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དོ་སྣང་་བྱུང་ཡོད། ད་ལྟ་ངོ་དེབ་ཀྱི་སྒོ་རྒྱག་པའི་རྒྱུ་མཚན་དངོས་དེ་གང་ཡིན་ནམ་”ཞེས་བྲིས་འདུག (གྷོས་གྷོལ་གྱིས་བསྒྱུར་བ་ཡིན་པས། གོ་དཀའ་བ་འགའ་ཚུར་མ་བསྒྱུར་བར་བཞག་ཡོད།)
བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན། ངོ་དེབ་བཟོ་ཚོང་ཁང་གིས་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ངོ་དེབ་ཀྱི་ཁ་བྱང་ ༡༥༥ཙམ་གྱི་སྒོ་བརྒྱབ་པ་ཡིན་པའི་གསལ་བསྒྲགས་སྤེལ་བ་དང་། དེའི་རྒྱུ་མཚན་ལ་ཁ་བྱང་དེ་དག་གིས་ཚུལ་མིན་གྱི་གནས་ཚུལ་སྤེལ་ནས་“ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཐེ་བྱུས་”བྱེད་ཀྱི་ཡོད་པས་ཡིན་སྐོར་དྲངས་འདུག
ཡིན་ན་ཡང་། ངོ་དེབ་བཟོ་ཚོང་ཁང་གིས་དངོས་སུ་བསྒྲགས་པའི་ཁ་བྱང་ ༡༥༥ དེ་དག་ནང་ཚེ་རིང་འོད་ཟེར་གྱི་ངོ་དེབ་ཚུད་ཡོད་དང་། ཁོང་གི་ངོ་དེབ་དེ་ལྟར་གློ་བུར་དུ་སྒོ་རྒྱག་དགོས་པའི་རྒྱུ་མཚན་དངོས་གང་ཡིན་གསལ་ཁ་མི་འདུག
རྩོམ་པ་པོ་ཚེ་རིང་འོད་ཟེར་ནི། རྒྱ་ནག་ནང་ལོགས་སུ་བཞུགས་ནས་རྒྱ་ནག་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་དྲང་བདེན་མ་ཡིན་པའི་སྲིད་བྱུས་དང་། མི་རིགས་དབྱེ་འབྱེད་སྐོར་གྱི་གནས་ཚུལ་དངོས་གང་ཡིན་རྒྱུས་ལོན་དང་འཚོལ་བསྡུ་བྱས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་སྤེལ་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན། །
གསར་འགོད་པ་དཀོན་མཆོག་རབ་བརྟན།