ངོ་རྒོལ་ལ་ཕྱོགས་གཉིས་ནས་བལྟ་དགོས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༩༡ ཕྱི་ལོ་ ༢༠༡༨/༣ /༢༡
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་མདུན་དུ་མི་གྲངས་བརྒྱད་ཅུ་ཙམ་འཛོམས་ནས་བཀའ་ཤག་གཙོ་བོར་བྱས་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དེ་ཡང་གཙོ་བོ་ཨ་རིའི་ནིའུ་ཡོག་ཏུ་གནས་སྡོད་བྱེད་མཁན་འཕྲིན་ལས་སྐལ་བཟང་ཞེས་པས་སྣེ་ཁྲིད་པ་ཞིག་ཡིན་འདུག་ཅིང་། གནད་དོན་གཙོ་བོ་བྱང་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་དོན་གཅོད་ནས་འཕོ་འགྱུར་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་ཡིན་འདུག དོན་གཅོད་འཕོ་འགྱུར་བཏང་བ་ལ་བརྟེན་ནས་ངོ་རྒོལ་བྱས་པ་ཐོག་མ་མིན་པ་དང་། ཁེ་ན་ཌ་དང་། ཨ་རི། བཞུགས་སྒར། སུད་སི། བྷེལ་རྗམ། ཧྥ་རན་སི་སོགས་ནས་སྲིད་སྐྱོང་ཕེབས་སྐབས་ངོ་རྒོལ་བྱopས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་རྒྱལ་ས་རུ་ཡོད་པའི་དོན་གཅོད་ལས་ཁུངས་སུ་འཛུལ་ནས་ཀྱང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད། དེ་སྔོན་ཧ་ཅང་མཐོང་དཀོན་པའི་གནས་སྟངས་འདི་དང་བྱེད་སྟངས་འདི་ལ་བོད་པ་མང་པོ་ཞིག་ཧང་སངས་ནས་བསྡད་ཡོད་པ་དང་། འདི་ལ་སེམས་ཁྲལ་དང་བློ་ཕམ་བྱེད་མཁན་ཡང་མང་པོ་ཞིག་ཡོང་གི་ཡོད་པ་རེད།
འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཤིག་དང་། བཙན་བྱོལ་པའི་སྒྲིག་འཛུགས་ཤིག་ཡིན་ནའང་རང་ཉིད་ཀྱི་གཞུང་ངམ་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་དང་རང་དབང་ཡོད་པ་འདི་ཉིད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བ་བཞིན་མང་གཙོའི་ལམ་ལུགས་སུ་བསྐྱོད་བཞིན་པའི་སྒྲིག་འཛུགས་ཤིག་དང་། སྤྱི་ཚོགས་ཆུང་ངུ་འདི་ཉིད་ཀྱི་ཁྱད་ཆོས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཆོག རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་འདི་ལ་འགྲེལ་བཤད་ག་འདྲ་ཞིག་རྒྱག་མིན་བཤད་ཚོད་མི་ཐིག་པ་གང་ཡང་མེད་ཀྱང་། དོན་དུ་རྒྱ་དམར་གཞུང་གི་དམ་དྲག་འོག་ཏུ་ཡོད་པའི་སྤྱི་འབངས་ཤིག་ལ་བསམ་བློ་བཏང་ན་འདི་ལྟ་བུའི་རང་དབང་དང་ཁོར་ཡུག་ལ་ཡིད་སྨོན་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། ངོ་རྒོལ་བྱས་ན་གསོད་རྐྱང་བྱེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་འདི་ལྟ་བུའི་རང་དབང་ལ་ཡིད་སྨོན་བྱེད་པ་ནི་སྨྲོས་མི་དགོས་པ་རེད། འོན་ཀྱང་ཆབ་སྲིད་ཀྱི་བསམ་བློ་ན་མ་སྨིན་པ་ཞིག་ལ་མཚོན་ན་ཅུང་ཙམ་བསམ་ཤེས་ཐུབ་དཀའ་བ་དེ་ཡང་རྒྱུན་ལྡན་ཞིག་ལས་དམིགས་བསལ་གང་ཡང་མིན།
གང་ལྟར་བྱེད་སྟངས་འདིས་བཙན་བྱོལ་བོད་པའི་མང་གཙོ་དང་རང་དབང་གཉིས་ཀ་མཚོན་ཐུབ་པ་དང་། མང་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་བལྟས་ན་ངོ་རྒོལ་བྱས་པ་དེ་སྡུག་ཅག་རེད་ཅེས་བརྗོད་ཐུབ་ཐབས་གཏན་ནས་མེད། འདི་ནི་༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་ལ་གནང་བའི་མང་གཙོ་དང་རང་དབང་གི་ཐོབ་ཐང་དུ་གྱུར་ཡོད་པ་མ་ཟད། རྒྱ་གར་གཞུང་དེ་མང་གཙོ་དང་གུ་ཡངས་ཅན་གྱི་སྲིད་གཞུང་ཞིག་ཡིན་སྟབས་བཙན་བྱོལ་བོད་མི་ལ་དམིགས་བསལ་གྱིས་རང་དབང་གི་ཁོར་ཡུག་རྒྱ་ཆེན་པོ་ཞིག་ཡོད་པ་དེ་ཡང་བརྗེད་མི་རུང་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་བལྟས་ན་བོད་མིའི་སྒྲིག་འཛུགས་ནི་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་། དོན་གྱིས་རང་ཉིད་ལ་དབང་བའི་ས་ཆ་སྤར་མོ་གང་མེད་པ་དེ་ཡང་གསལ་པོ་ཡིན་སྟབས། མ་འོངས་པར་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་འགོ་ཁྲིད་སུ་སླེབས་ཀྱང་། སྙད་འདོགས་སྣ་ཚོགས་བྱས་ནས་ངོ་རྒོལ་བྱེད་པའི་ལུགས་སྲོལ་ཞིག་ཆགས་སོང་ན་བོད་པའི་སྒྲིག་འཛུགས་འདི་ཉིད་མུ་མཐུད་གནས་མི་ཐུབ་པ་དེ་ཡང་སྨྲོས་མི་དགོས་པ་རེད།
བཙན་བྱོལ་བོད་མི་ལ་མཚོན་ན་མང་གཙོ་ནི་དབུ་ནས་གསོལ་རས་སུ་གནང་བ་ཙམ་དུ་ངོས་འཛིན་པ་ལས། དམིགས་བསལ་གྱི་རིན་ཐང་ཅན་ཞིག་ཏུ་ངོས་འཛིན་མི་ཐུབ་པས། བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་འདི་ལྟ་བུ་ནི་གཅིག་སྒྲིལ་མི་ཡོང་བའི་གཞི་རྩ་གཙོ་བོ་ཞིག་ཏུ་གྱུར་ཡོད། སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་སོགས་ནི་རིམ་པས་བརྗེ་པོ་ཐེབས་ངེས་པ་ཞིག་ཡིན་ནའང་། ལམ་ལུགས་སྲོལ་ནི་མུ་མཐུད་གནས་སྲིད་པ་ཞིག་ཡིན་པས། དེ་རིང་རང་གིས་མི་གཞན་གྱིས་མགོ་ལ་གཡོགས་ཆེད་བཟོས་པའི་རྫ་ཁོག་ནག་པོ་དེ། ཉིན་གཅིག་གཞན་གྱིས་རང་གི་མགོ་ལ་མི་གཡོགས་པའི་ངེས་པའང་གཏན་ནས་མེད་པས། རང་ས་མེད་པ། རང་བཙན་མེད་པ། མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྒྲིག་འཛུགས་ཤིག་ལ་མཚོན་ན་བྱེད་སྟངས་འདིའི་ཁེ་ཕན་དང་ཉེན་ཁ་གཉིས་ལས། ཉེན་ཁ་ལྡབ་གཅིག་གིས་ཆེ་བ་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་མང་གཙོའི་ཐོབ་ཐང་ནི་ཐོབ་ཐང་རང་ཡིན་པས་སུ་གཅིག་གིས་འཕྲོག་མི་ཆོག་པའི་ཁེ་དབང་གཅིག་པུ་དེ་ཡིན་ཞེས་བརྗོད་ཀྱང་ཆོག
བཙན་བྱོལ་བོད་པའི་ལོ་རྒྱུས་ནང་བཙན་བྱོལ་བོད་གཞུང་གི་གནང་སྟངས་ཁ་ཤས་ལ་ཕྱོགས་རེ་ཟུང་ནས་མོས་མཐུན་མ་བྱུང་བར་རྩོད་རྙོག་སྔ་རྗེས་བྱུང་མྱོང་ནའང་། དེ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ནི་ཧ་ཅང་དཀོན་པོ་ཡིན། ད་ལན་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནས་ཚུལ་འདི་ནི་ལོ་རྒྱུས་ཀྱི་ནང་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ལྟ་བུར་གྱུར་ཡོད། གོང་དུ་བརྗོད་པ་བཞིན་གནས་ཚུལ་འདི་ལ་ཕྱོགས་ངོས་གཉིས་ནས་བལྟ་དགོས་པ་དང་། ཐག་གཅོད་བྱེད་པའི་ཐབས་ལམ་ཡང་བཀའ་ཤག་དང་སྲིད་སྐྱོང་ཁོ་ན་ལ་ཡོད་ཚུལ་བརྗོད་མཁན་ཡོད་ཀྱང་། དོན་དུ་ཡང་བསྐྱར་དོན་གཅོད་དུ་བསྐོ་བའམ། ཡང་ན་ཐབས་ལམ་གཞན་བརྒྱུད་ནས་གཙང་མ་བཟོ་ཐུབ་མིན་བཤད་དཀའ། དོན་གཅོད་དང་ཚོགས་གཙོ་ཟུར་པ་ཁོང་གིས་ངོ་རྒོལ་གྱི་ལས་འགུལ་འདི་གལ་སྲིད་ང་ལ་རྒྱབ་སྐྱོར་ཡིན་ན་ད་ནས་བཟུང་མཚམས་འཇོག་གཙང་མ་གནང་དགོས་པའི་འབོད་སྐུལ་ཙམ་གནང་བ་ཡིན་ཡང་། ཐག་གཅོད་ཐུབ་ངེས་རེད་ལ་དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཁོང་ལ་མཐོང་ཚུལ་ཡག་པོ་ཆགས་པའང་སྨྲོས་མི་དགོས་པ་རེད།།