ཅིའི་ཕྱིར་ཐའེ་ཝན་དང་རྒྱ་ནག་གི་འགལ་བ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། དེའི་ཉེན་ཁ་གང་ཡིན་པ།

 རོའུ་ཊར་གསར་ཁང་(Reuters) གིས་སྤེལ། 

དཀོན་མཆོག་རབ་བརྟན་གྱིས་བསྒྱུར།  

པེ་ཅིང་གཞུང་ནས་ཨ་རིའི་འགོ་ཁྲིད་མཐོན་པོ་ཞིག་ཐའེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར་ཁོང་ཁྲོའི་རྣམ་འགྱུར་སྟོན་ཆེད། རྒྱ་ནག་གིས་བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ནས་འགོ་བཙུགས་ཏེ་ཉིན་གཉིས་རིང་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་གི་གནམ་གྲུ་མང་པོ་བཏང་ནས་ཐའེ་ཝན་གྱི་དམག་ལ་བྲེལ་འཚབ་ཆེན་པོ་བསླངས་ཡོད། 

ཅིའི་ཕྱིར་ད་ལྟ་འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་དམ། 

རྒྱ་ནག་གིས་མང་གཙོའི་ལམ་ལུགས་ལྡན་པའི་ཐའེ་ཝན་ནི་སོ་སོའི་མངའ་ཁུལ་ཡིན་པ་དང་། དམག་ཤུགས་ལ་བརྟེན་དགོས་ཀྱང་ཚུར་ལེན་རྒྱུ་ཡིན་ཚུལ་རྗོད་ཀྱི་ཡོད། རྒྱ་ནག་གི་ནང་འཁྲུག་ཁྲོད། གོ་མིན་ཏང་དམར་ཤོག་ལས་ཕམ་ནས་ཕྱི་ལོ་༡༩༤༩ ལོར་ཐའེ་ཝན་ལ་བྲོས་བྱོལ་དུ་ཡོང་བ་ནས་བཟུང་། ཐའེ་ཝན་ལ་རྒྱ་ནག་གི་འཇིགས་སྐུལ་དེའི་རྒྱུན་ཆད་མྱོང་མེད།

ཨ་རིས་ཟླ་བ་གཉིས་ཀྱི་དུས་ཡུན་ནང་འགོ་ཁྲིད་མཐོ་ཤོས་གཉིས་(འཕྲོད་བསྟེན་དྲུང་ཆེ་ Alex Azar ཕྱི་ཟླ་ ༨ པ་དང་། དཔལ་འབྱོར་དྲུང་འཕར་ Keith Krach བདུན་ཕྲག་གོང་མར་ཕེབས་ཡོད།)ཐའེ་ཝན་ལ་འཚམས་གཟིགས་སུ་མངགས་ནས་ཐའེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བཞིན་པ་དེར་རྒྱ་ནག་ཁོང་ཁྲོ་ལང་གི་ཡོད། 

དེ་ཡིས་མ་ཚད། ཨ་རིས་སླར་ཡང་ཐའེ་ཝན་ལ་གོ་མཚོན་འབོར་ཆེན་ཞིག་འཚོང་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་བྱ་སྤྱོད་འདི་དག་ཐམས་ཅད་ཐའེ་ཝན་རང་བཙན་དུ་བསྒྱུར་ཏེ། མཇུག་མཐར་ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱ་བའི་ཆེད་ཡིན་པ་མཐོང་གི་ཡོད་ཅིང་། དེ་ནི་པེ་ཅིང་སྲིད་གཞུང་གིས་གཏན་ནས་དང་ལེན་བྱེད་འདོད་མེད་པ་ཞིག་ཡིན། 

ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝན་གྱིས་ཐའེ་ཝན་ནི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་(Republic of China)ཅེས་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་(People’s Republic of China)ཀྱིས་ཐའེ་ཝན་ལ་ནམ་ཡང་དབང་སྒྱུར་བྱེད་མྱོང་མེད་པས། དབང་སྒྱུར་བྱེད་པའི་ཐོབ་ཐང་མེད་ཅེས་སྒྲོག་གི་ཡོད།

རྒྱ་ནག་གིས་ཐའེ་ཝན་ནི་ཨ་རྒྱའི་འབྲེལ་ལམ་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་དང་རྙོག་ཟིང་ཆེ་ཤོས་དེ་ཡིན་ཟེར་བ་དང་། རྒྱ་ནག་དབང་སྒྱུར་བྱེད་མཁན་གྱི་དམར་ཤོག་ཚོགས་པར་མཚོན་ན། ༡༩༤༩ ལོའི་རྒྱལ་ཁའི་རྗེས་སུ་ད་དུང་ཡང་“བཅིངས་གྲོལ་”གཏོང་རྒྱུར་ལྷག་ཡོད་པའི་ཆ་ཤས་མཐའ་མ་དེ་ནི་ཐའེ་ཝན་ཡིན་པ་དང་། ཁོ་ཚོས་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གནས་ཚུལ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། 

དེའི་ཉེན་ཁ་གང་ཡིན་ནམ། 

ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་བར་དུ་གཞུང་འབྲེལ་གྱི་གྲོས་མོལ་མ་ལག་མེད་སྟབས། ཕྱོགས་གཉིས་ཀྱི་མཁའ་དམག་བར་དུ་སྟབས་མ་ལེགས་པའི་རྡུང་ཁ་འདྲ་བྱུང་བ་ཡིན་ན། འཕྲལ་དུ་སྟངས་འཛིན་གྱི་རྒྱ་ལ་ཤོར་ནས་དམག་འཁྲུག་ཡོང་སྲིད། 

ད་ལྟའི་ཆར་ཐའེ་ཝན་གྱི་གནམ་གྲུས་བྲེལ་འཚབ་ཆེན་པོས་ཉེ་སར་བཅར་བཞིན་པའི་རྒྱ་ནག་གི་མཁའ་གྲུ་རྣམས་ཡང་ཡང་ཕྱིར་འདེད་གཏོང་དགོས་འཁེལ་གྱི་ཡོད། 

ཨ་རིས་ཐའེ་ཝན་ལ་རོགས་པ་བྱེད་ངེས་པའམ་ཐུབ་མིན་ནི་དྲི་བ་ཞིག་ཡིན་ན་ཡང་། གལ་སྲིད་ཐའེ་ཝན་ཐོག་ལ་རྩོད་རྙོག་ཅིག་བྱུང་བ་ཡིན་ན། དེའི་ནང་ཨ་རི་དང་ཨ་རིའི་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཞུགས་པའི་ཉེན་ཁ་ཆེན་པོ་ཡོད། 

ཨ་རིས་ཡ་ལན་སྟེར་བའི་གོ་སྐབས་ཀྱང་མ་རག་གོང་ལ། རྒྱ་ནག་གིས་དྲག་རྒོལ་དང་མེ་ཤུགས་འཕུར་མདའ་འཕངས་ནས་ཐའེ་ཝན་འཕྲལ་དུ་མེད་པ་བཟོ་སྲིད། ཡིན་ན་ཡང་། དམག་འཁྲུག་ཅི་འདྲ་ཞིག་བྱུང་རུང་། རྒྱ་ནག་ལའང་གཏོར་སྐྱོན་ཆེན་པོ་ཕོག་ངེས་ཏེ། རྒྱལ་སྤྱིའི་མཚན་མཐོང་ཤོར་བ་དང་། ལྷག་པར་དུ་དཔལ་འབྱོར་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ཉེས་ཆད་འཕོག་ངེས་རེད། 

ཅིའི་ཕྱིར་ཐའེ་ཝན་གལ་ཆེན་པོ་ཆགས་ཡོད་དམ། 

ཐའེ་ཝན་ནི་ཉི་ཧོང་དང་རྩོད་རྙོག་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོ་གཉིས་ཀྱི་བར་གྱི་ཞི་བདེ་རྒྱ་མཚོའི་གལ་གནད་ཀྱི་ས་ཁུལ་དུ་ཆགས་པ་མ་ཟད། འཛམ་གླིང་སྟེང་གི་གློག་རྡོལ་(Chip)བཟོ་གྲྭ་ཆེས་ཆེ་ཤོས་དེའང་གླིང་ཕྲན་དེའི་ནང་དུ་ཡོད། ཨ་རིས་རྒྱ་ནག་གིས་འཕྲུལ་ཆས་བཟོ་གྲྭ་རྣམས་བདེ་འཇགས་ཀྱི་ཉེན་ཁར་མཐོང་ནས་སྔོན་ཐོན་གྱི་གློག་རྡོལ་རྣམས་བཀག་འགོག་བྱས་ཡོད་པའི་ནང་། ཐའེ་ཝན་ནས་ཐོན་པ་རྣམས་ཀྱང་འདུས་ཡོད། 

ཕྱོགས་གཉིས་ཀྱི་དམག་ཤུགས་མཚུངས་བསྡུར། 

ཐའེ་ཝན་གྱི་དམག་ལ་སྦྱོང་བརྡར་ལེགས་པོ་དང་གོ་མཚོན་ཡག་པོ་ཡོད་རུང་། རྒྱ་ནག་གི་“མི་དམངས་བཅིངས་གྲོལ་དམག་”དང་བསྡུར་ན་ཤིན་ཏུ་ཆུང་ཆུང་ཆགས་ཡོད་པ་མ་ཟད། དམག་ཤུགས་དེང་རབས་ཅན་དུ་བསྒྱུར་བའི་ཛ་དྲག་གི་ལས་གཞིའི་ནང་། རྒྱ་དམག་གིས་ཚད་གཞི་མཐོ་བའི་གནམ་གྲུ་དང་། གྲུ་གཟིངས། མེ་ཤུགས་འཕུར་མདའ་བཅས་གསར་སྣོན་བྱེད་ཀྱིན་ཡོད། 

རྒྱ་ནག་གི་ཚུར་རྒོལ་དེ་དཀའ་ལས་ཁག་པོ་དང་བློས་གཏོང་ཆེན་པོ་ཞིག་ཏུ་བཟོ་བའི་ཆེད། སྲིད་འཛིན་ཚེ་དབྱིན་ཝན་གྱིས་“དམག་བྱུས་མི་འདྲ་བ་”ལ་ནན་སྐུལ་གྱིས་ཐའེ་ཝན་གྱི་དམག་ཀྱང་ཚད་གཞི་མཐོ་རུ་གཏོང་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་དུ་བཟུང་ཡོད་ཅིང་། དམག་བྱུས་དེའི་ནང་རྒྱ་ནག་གི་ས་ཁུལ་ངེས་ཅན་རྣམས་(དཔེར་ན། པེ་ཅིང་དང་ཧྲང་ཧེ།)མེ་ཤུགས་འཕུར་མདའི་འབེན་དུ་འཛིན་པ་ལྟ་བུ་འདུས་ཡོད། 

ཐའེ་རྒྱ་གཉིས་ཀྱི་དབར་དུ་དམག་འཁྲུག་ཅིག་བྱུང་ན་ཅི་ཞིག་ཡོང་ངེས་སམ། 

རྒྱ་ནག་གིས་མཁའ་དམག་དང་མེ་ཤུགས་འཕུར་མདར་བརྟེན་ནས་དཀའ་ཚེགས་མེད་པར་ཐའེ་ཝན་རྩ་མེད་གཏོང་ཐུབ་པ་མ་ཟད། དྲ་བའི་འཇབས་རྒོལ་བྱས་ཏེ་རྨང་གཞིའི་འཛུགས་སྐྲུན་མེད་པ་བཟོ་བའམ། མཚོ་མཐའ་བསྐོར་ནས་མགོ་བོ་སྒུར་དུ་འཇུག་པ་ལྟ་བུའི་གདམ་ཀ་གཞན་ཡང་ཡོད། 

གནས་ཚུལ་ཅི་འདྲ་ཞིག་བྱུང་ན་ཡང་། ཨ་རིའི་ཡ་ལན་དེ་གལ་གནད་ཀྱི་གལ་གནད་དེ་ཆགས་ཡོད། །