ཅིའི་ཕྱིར་ཧོང་ཀོང་གིས་ངོ་རྒོལ་བྱེད་བཞིན་པ་དང་། ཁོ་ཚོའི་དགོས་འདུན་ལྔ།

(དཔྱད་བརྗོད་འདི་ཚེས་༣༠ ཉིན་སི་ཨན་ཨན་གསང་ཁང་ནས་སྤེལ་ཞིང་། ཚེས་༣༡ ཉིན་དཀོན་མཆོག་རབ་བརྟན་གྱིས་ནང་དོན་སྙིང་བསྡུས་སྒྱུར་སྒྲིག་བྱས།)

རྒྱུན་ཆད་མེད་པའི་མི་མང་གི་ཞི་རྒོལ་ཆེན་མོ་དང་སྲང་ལམ་གྱི་ངོ་རྒོལ་ཁྲོད་ཧོང་ཀོང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། རྩོད་རྙོག་ཅན་གྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ནས་འགོ་བརྩམས་པའི་ལས་འགུལ་དེ་ད་ལྟ་དེ་ལས་ལྡབ་ཀྱི་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།

འདས་པའི་ཟླ་ངོ་འགའ་ཤས་རིང་། མི་མང་ས་ཡ་དུ་མ་ཞིག་ཧོང་ཀོང་གི་སྲང་ལམ་ནས་ཞི་བའི་གོམ་བགྲོད་བྱས་པ་དང་། སྲུང་ཞྭ་མཁྲེགས་པོ་གྱོན་པའི་ངོ་རྒོལ་བ་ཚོ་གཅིག་བཙན་གྱིས་སྲིད་གཞུང་གི་ལས་ཁུངས་ནང་འཛུལ་བ། ཧོང་ཀོང་གི་རྒྱལ་སྤྱིའི་གནམ་ཐང་ཉིན་གཉིས་ལ་སྒོ་བརྒྱབ་པ་སོགས་ཀྱི་ངོ་རྒོལ་ལས་འགུལ་སྣ་ཚོགས་ཤིག་བྱུང་ཡོད། ངོ་རྒོལ་ལས་འགུལ་དེ་ཕལ་ཆེ་བ་ཞི་བའི་ངང་བྱུང་ཡོད་མོད། འོན་ཀྱང་ཕྱོགས་ཐམས་ཅད་ནས་འདོད་པ་མི་ཚིམ་པའི་སྡང་སེམས་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད།

ད་ལྟ་ངོ་རྒོལ་བ་ཚོས་ཡང་དག་པའི་མང་གཙོ་(greater democrazy) དང་། འདས་པའི་ངོ་རྒོལ་ལས་འགུལ་ཁྲོད་ཉེན་རྟོག་པས་ཁྲིམས་འགལ་གྱི་གདུག་རྩུབ་ལ་ཞིབ་དཔྱོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་ལ། ཧོང་ཀོང་གི་སྒོར་མོ་ཐེར་འབུམ་ལྡན་པའི་ཕྱུག་བདག་(billionaires) ཚོས་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་སྨྲ་བཞིན་ཡོད། ད་ལྟ་ཧོང་ཀོང་གི་ངོ་རྒོལ་ཤུགས་ཇེ་ཆེར་འགྲོ་བ་དང་ལྷན་དུ། པེ་ཅིང་གི་སྐད་གདངས་ཀྱང་ངར་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།

འདིར་ཁྱོད་ཀྱིས་ཤེས་དགོས་པའི་གནད་དོན་རྣམས་ཡོད་དེ།  ཤེས་དགོས་པའི་ལོ་རྒྱུས།

ཧོང་ཀོང་རྒྱ་ནག་ལ་དབང་ཡང་། ཧོང་ཀོང་ལ་སོ་སོའི་སྒོར་མོ་དང་། ཆབ་སྲིད་ཀྱི་ལམ་ལུགས། རིག་གཞུང་གི་བོ་ངོ་བཅས་ཡོད་པས། ཧོང་ཀོང་དུ་འཚོ་སྡོད་བྱེད་མཁན་མང་པོ་ཞིག་གིས་རང་ཉིད་ཧོང་ཀོང་བ་ཡིན་པ་ལས་རྒྱ་ནག་གི་མི་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད།

ཁྱད་པར་འདི་མི་རབས་མང་པོ་ལ་ཡར་འདེད་རྒྱུ་ཡོད་དེ། ཕྱི་ལོ་༡༩༩༧ ལོར་དབྱིན་ཇི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་མ་བྱས་བར་དུ་གྲོང་ཁྱེར་དེ་དབྱིན་ཇིའི་མངའ་འོག་ཏུ་ལོ་ངོ་༡༥༠ ལྷག་འདུག་མྱོང་ཡོད་ལ། ཧོང་ཀོང་གི་ཁྲིམས་ལུགས་དེ་ད་ལྟ་ཡང་དབྱིན་ཇིའི་ལུགས་སྲོལ་དུ་བཞག་ནས་ཕྱི་གསལ་ནང་གསལ་དང་། མི་སྒེར་གྱི་ཐོབ་ཐང་བརྩི་འཇོག་བྱེད་རྒྱུ་དེ་གལ་ཆེན་འཛིན་གྱི་ཡོད།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཞེས་པའི་སྲིད་བྱུས་དེས་ཧོང་ཀོང་གི་ཐུན་མིན་གྱི་ཁྱད་ཆོས་འདི་ལ་བརྩི་འཇོག་བྱེད་པ་དང་། སྲིད་བྱུས་དེའི་འོག་ཧོང་ཀོང་གི་གཞི་རྩའི་རྩ་ཁྲིམས་(Basic Law) ཞེས་པ་ལག་བསྟར་བྱེད་ཅིང་། ཁྲིམས་དེས་སྨྲ་བརྗོད་རང་དབང་དང་། གསར་འགོད་ཐོབ་ཐང་། ངོ་རྒོལ་ཐོབ་ཐང་སོགས་ཀྱིས་མཚོན་པའི་རྒྱ་ནག་སྐམ་ས་ཆེན་མོའི་མི་སེར་ལ་མེད་པའི་རང་དབང་རྣམས་འགན་ལེན་ཁག་ཐེག་བྱེད་ཀྱི་ཡོད།

གཞི་རྩའི་རྩ་ཁྲིམས་ཀྱི་དོན་ཚན་གཅིག་ནི། ཧོང་ཀོང་ལ་སོ་སོའི་མང་གཙོ་འཕེལ་རྒྱས་གཏོང་བའི་ཐོབ་ཐང་ཡོད་ཅིང་། རྒྱ་ནག་འགོ་ཁྲིད་སྔོན་མ་ཚོས་པེ་ཅིང་སྲིད་གཞུང་ནས་དེ་ལ་ཐེ་བྱུས་མི་བྱེད་པའི་ཁས་ལེན་དམ་བཅའ་བཞག་ཡོད། ཡིན་ན་ཡང་། ཉེ་བའི་ལོ་འགའི་ནང་པེ་ཅིང་ནས་གཞི་རྩའི་རྩ་ཁྲིམས་ལ་ཡང་འགྲེལ་བསྐྱར་འགྲེལ་བྱས་ཏེ་ད་ལྟ་ཧོང་ཀོང་གི་“ཁྲིམས་ལུགས་དབང་ཚད་ཡོངས་རྫོགས་”པེ་ཅིང་སྲིད་གཞུང་ལ་ཡོད་ཚུལ་བརྗོད་ཀྱི་ཡོད།

གཞི་རྩའི་རྩ་ཁྲིམས་ནང་། རྩིས་སྤྲོད་རྩིས་ལེན་བྱས་པའི་རྗེས་སུ་ལོ་ངོ་༥༠ རིང་“ཧོང་ཀོང་གིས་སོ་སོའི་མི་མང་གི་རང་དབང་དང་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་”ཞེས་འཁོད་ཡོད་མོད། འོན་ཀྱང་ཧོང་ཀོང་གི་མི་མང་མང་པོ་ཞིག་གིས་རྒྱ་ནག་གིས་ཐོབ་ཐང་དེ་དག་རྡོག་རོལ་དུ་གཏོང་འགོ་བརྩམས་ཟིན་ཚུལ་བཤད་ཀྱི་ཡོད།

ཧོང་ཀོང་གི་སྒྲིག་ཁྲིམས་ལ་ཉེན་ཁ་འཕྲད་བཞིན་པའི་ལྟ་ཚུལ་འདིའི་དབང་གིས་ཧོང་ཀོང་དུ་ངོ་རྒོལ་དང་གདོང་ཐུག་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་ཅིང་། དེ་ལ་བརྟེན་ནས་ངོ་རྒོལ་བ་བརྒྱ་ཕྲག་དུ་མ་ཞིག་འཛིན་བཟུང་བྱས་དང་བྱེད་མུས་སུ་ཡོད།

ངོ་རྒོལ་བ་ཚོས་དགོས་འདུན་ཅི་ཞིག་འདོན་གྱི་ཡོད་དམ།
ཧོང་ཀོང་གི་དབྱར་ཁའི་ངོ་རྒོལ་རིང་མོའི་ཁྲོད་ངོ་རྒོལ་གྱི་རྣམ་པ་སྣ་ཚོགས་པ་ཞིག་བྱུང་ཡོད་དེ། མི་མང་གི་ཞི་བའི་གོམ་བགྲོད་ཆེན་མོ་དང་། ཆེད་ལས་ལས་རིགས་འདྲ་མིན་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ། གཞན་ཡང་མི་ཚོ་ཁག་འགའ་ཤས་ཀྱིས་གཞུང་གི་གྲོས་ཚོགས་ཁང་ཆེན་ནང་“སྒེར་གཅོད་པ་ལས་ཟིང་འཁྲུག་པ་མེད་”ཅེས་པའི་འཕྲེད་དར་བསྒྲེངས་པ་ཡིས་མཚོན་པའི་གཏོར་བཤིག་དང་དྲག་པོའི་གདོང་ཐུག་ཆུང་ཚགས་འདྲ་མིན་བྱུང་ཡོད།

ཕྱི་ཟླ་བརྒྱད་པའི་ཟླ་འགོ་ན་ཧོང་ཀོང་གནམ་ཐང་དུ་འཚེ་བ་དྲག་པོ་བྱུང་བ་དེས་གདོང་ཐུག་གི་རྣམ་པ་གསར་པ་ཞིག་བསྐྲུན་ཏེ་ངོ་རྒོལ་བ་ཚོས་ཡུད་ཙམ་རིང་མི་གཉིས་ལ་ཕར་རྒོལ་དང་འཛིན་བཟུང་བྱས་ཡོད།

ད་ལྟའི་ངོ་རྒོལ་འདི་ཕྱི་ཟླ་གསུམ་པའི་ནང་འགོ་ཚུགས་ཀྱང་། དངོས་སུ་ཤུགས་ཆེ་རུ་ཕྱི་ཟླ་༦ ནང་བྱུང་ཡོད། ངོ་རྒོལ་འདིའི་འབྱུང་རྐྱེན་ནི་ད་ལྟ་རྩིས་མེད་བཏང་ནས་བཞག་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱེད་པའི་ཁྲིམས་འཆར་དེ་ཡིན་ཡང་། སྐབས་དེ་ནས་བཟུང་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་ད་ལྟ་ཡང་དག་པའི་མང་གཙོ་དང་ཉེན་རྟོག་པ་ལ་རྟོག་ཞིབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད།

དེ་ཡིས་མ་ཚད། ཉེ་བའི་ཆར་ཉེན་རྟོག་པས་གདུག་རྩུབ་བྱེད་བཞིན་པའི་གནས་ཚུལ་ལ་ངོ་རྒོལ་བ་རྣམས་ཁོང་ཁྲོ་ཚད་མེད་ལངས་ཡོད་ལ། མི་ཚོགས་ཁ་ཐོར་དུ་གཏོང་ཐབས་ལ་འབད་བཞིན་པའི་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་དུ་དྲག་པོའི་གདོང་ཐུག་བྱུང་བའི་སྐབས། བུད་མེད་ངོ་རྒོལ་བ་ཞིག་གི་མིག་ལ་རྨས་སྐྱོན་ཕོག་རྗེས། ངོ་རྒོལ་བ་ཚོས་གནམ་ཐང་དུ་མིག་གི་རྨ་རས་(འདི་ནི་ངོ་རྒོལ་གྱི་མཚོན་རྟགས་གསར་པར་གྱུར་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་རྒྱབ་སྐྱོར་བ་ཚོས་མིག་གི་རྨ་རས་གྱོན་བཞིན་ཡོད།) གྱོན་ནས་བུད་མེད་དེའི་རྨས་སྐྱོན་མཚོན་པ་བྱས་ཡོད།

འདི་ལོའི་ངོ་རྒོལ་ནི་འགོ་ཁྲིད་མེད་པའི་ལས་འགུལ་ཞིག་ཡིན་སྟབས། མི་ཚང་མའི་སེམས་ལ་གཅིག་མཚུངས་ཀྱི་དམིགས་ཡུལ་ཞིག་མེད་མོད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་དགོས་འདུན་དོན་ཚན་ལྔ་བྱུང་བཏོན་ཡོད་དེ། (༡) ཁྲིམས་འཆར་ཕྱིར་བསྡུ་བྱེད་དགོས་པ་དང་། (༢) སྤྱི་ཁྱབ་དཔོན་ཁེ་ར་ལམ་དཔོན་གནས་ལས་དགོངས་པ་ཞུ་དགོས་པ། (༣) ཉེན་རྟོག་པའི་ཁྲིམས་འགལ་གྱི་གདུག་རྩུབ་ལ་ཞིབ་དཔྱོད་དགོས་པ། (༤) འཛིན་བཟུང་བྱས་པའི་མི་རྣམས་གློད་གྲོལ་དགོས་པ། (༥) ཡང་དག་པའི་མང་གཙོའི་རང་དབང་དགོས་པ་བཅས་ཡིན།

ངོ་རྒོལ་ལས་འགུལ་བྱུང་སའི་ས་གནས་དག་ལ་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་ལ་དྲག་པོའི་གདོང་ཐུག་བྱུང་བ་མ་ཟད། གྱོན་ཆས་དཀར་པོ་གྱོན་ཞིང་དབྱུག་པ་ཐོགས་པའི་མི་ཚོ་གཅིག་གིས་ངོ་རྒོལ་བ་རྣམས་ལ་རྒོལ་རྡུང་བྱས་པ་དང་། མི་ཁ་གཅིག་གིས་དེ་དག་ནི་སྲིད་གཞུང་དང་ངན་པ་ལག་འབྲེལ་ཡིན་ཚུལ་བརྗོད་ཀྱི་ཡོད། ཡིན་ན་ཡང་། འགྲིམ་འགྲུལ་གྱི་བརྒྱུད་ལམ་དང་ས་ཚུགས་ཁག་རྣམས་སྒོ་བརྒྱབས་ནས་ཧོང་ཀོང་གི་མི་སེར་མང་པོ་ཞིག་ལ་སྟབས་བདེ་མེད་པ་བཟོ་ཡོད་རུང་། གྲོང་ཁྱེར་གྱི་གནས་གཞན་དག་ལ་ཉེན་ཁའི་རྣམ་པ་ཙམ་ཡང་མེད།

ངོ་རྒོལ་བ་ཚོས་ཅིའི་ཕྱིར་གནམ་ཐང་ལ་ངོ་རྒོལ་བྱས་པ་ཡིན་ནམ།

སྲང་ལམ་ཁྲོད་དུ་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་ལ་དྲག་པོའི་གདོང་ཐུག་བྱུང་བ་རྒྱུན་ལྡན་དུ་གྱུར་བས། ལས་འགུལ་བ་མང་པོ་ཞིག་གིས་ཧོང་ཀོང་གི་རྒྱལ་སྤྱིའི་གནམ་ཐང་དེ་བདེ་འཇགས་ལྡན་པའི་ངོ་རྒོལ་བྱེད་ཡུལ་ཞིག་ཏུ་མཐོང་ཡོད། འོན་ཀྱང་ཉེན་རྟོག་པས་གནམ་ཐང་ནས་དྲག་རྡུང་བྱས་པའི་ཁར། སྲིད་གཞུང་ནས་མ་འོངས་པར་གནམ་ཐང་དུ་ངོ་རྒོལ་བྱེད་མི་ཆོག་པའི་བཀའ་རྒྱ་ཕབ་རྗེས་གནས་སྟངས་དེར་འགྱུར་བ་ཕྱིན་ཡོད།

ཧོང་ཀོང་གི་གནམ་ཐང་ནི། ཨེ་ཤི་ཡའི་བྲེལ་བ་ཆེས་ཤོས་ཀྱི་གནམ་ཐང་ཁྲོད་ནས་གཅིག་ཡིན་པས། གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐད་ཀར་སོ་སོའི་དགོས་འདུན་སྟོན་ས་གཙོ་བོ་ཞིག་ཏུ་མཐོང་ཞིང་། གནམ་ཐང་ནས་[ཕར་འགྲོ]ཚུར་ཡོང་བྱེད་མཁན་གྱི་འགྲུལ་བ་རྣམས་ལ་དབྱིན་ཇི་དང་། ཧྥ་རན་སི། ཀོ་རི་ཡ། ཉི་ཧོང་སོགས་ཀྱི་སྐད་ཡིག་ནང་བྲིས་པའི་ཤོག་བྱང་འགྲེམས་སྤེལ་བྱས་ཏེ་ཧོང་ཀོང་དུ་ལྷིང་འཇགས་མེད་པའི་རྒྱུ་རྐྱེན་དང་དགོས་འདུན་རྣམས་འགྲེལ་བརྗོད་བྱས་ཡོད།

ཧོང་ཀོང་གནམ་ཐང་གི་སྤྱི་ཁྱབ་འགན་འཛིན་གྱིས་བརྗོད་པ་ལྟར་ན། ཟླ་བ་བརྒྱད་པའི་ཟླ་སྟོད་ནང་གནམ་གྲུ་༡,༠༠༠ ཙམ་ལ་ངོ་རྒོལ་གྱིས་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཁྲིམས་ཁང་ནས་མི་གང་བྱུང་གནམ་ཐང་དུ་འགྲོ་མི་ཆོག་པའི་བཀའ་རྒྱ་ཕབ་ཡོད།

འདིས་ཧོང་ཀོང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སམ།

སྤྱིའི་ཆ་ནས་རྒྱ་ནག་སྐམ་ས་ཆེན་མོ་ནི་ཧོང་ཀོང་གི་གལ་འགངས་ཆེ་ཤོས་ཀྱི་ཚོང་ཤག་ཡིན་རུང་། གྲོང་ཁྱེར་དེ་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་གྱི་ལྟེ་བར་གྱུར་ཡོད་པས། ངོ་རྒོལ་གྱི་མཇུག་འབྲས་སུ་དཔལ་འབྱོར་ཉམས་ཆག་འགྲོ་བཞིན་པའི་རྣམ་པ་མངོན་འགོ་བརྩམས་ཟིན་ཡོད་ལ། བཟོ་ཚོང་ཁང་རྣམས་ཀྱིས་“མཇུག་འབྲས་ཚབས་ཆེན་”བྱུང་བའི་སྙན་ཐོ་བརྗོད་ཡོད།

དེ་བཞིན་ཧོང་ཀོང་ལ་ཡོད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་ཚོང་ལས་རྣམས་ལ་ངོ་རྒོལ་བར་གདུང་སེམས་འཆང་གི་ཡོད་པའི་ཉེས་འཛུགས་དང་གནོན་ཤུགས་ཀྱང་འཕྲད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གནམ་གྲུའི་ཞབས་ཞུ་དང་ས་གནས་མི་མང་ལ་ལས་ཀ་མཁོ་སྤྲོད་བྱེད་མཁན་གཙོ་བོ་ Cathay Paciific ལ་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་གྱི་ལས་མི་གཅིག་ཀྱང་རྒྱ་ནག་ལ་གཏོང་མི་ཆོག་པའི་བཀའ་བཏང་ཡོད།

རྒྱལ་སྤྱིའི་དཔལ་འབྱོར་གྱི་ལྟེ་བའི་གྱུར་བའི་ཧོང་ཀོང་དུ་ཚོང་ལས་གཉེར་མཁན་གྱི་བཟོ་ཚོང་ཁང་རྣམས་ལ་མཚོན་ན། གནམ་གྲུ་འགྲོ་མཁན་ཉུང་དུ་ཕྱིན་པ་དེ་ནི་གནས་ཚུལ་ཤིན་ཏུ་སྡུག་པོ་ཞིག་ཡིན། ལོ་སྔོན་མར་འགྲུལ་བ་ས་ཡ་༧༤ ལྷག་ཧོང་ཀོང་གནམ་ཐང་ནས་ཕར་འགྲོ་ཚུར་ཡོང་བྱས་ཡོད་པ་མ་ཟད། ཧོང་ཀོང་གིས་ཉིན་རེ་ལ་འགྲུལ་བ་དང་དོ་འཁྱེར་གནམ་གྲུ་༡,༡༠༠ དོ་དམ་བྱེད་ཀྱི་ཡོད་པས། ཆེད་ལས་མཁས་པ་ཚོས་ཧོང་ཀོང་ལ་ཨ་སྒོར་ས་ཡ་མང་པོའི་གྱོང་གུན་ཕོག་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་ཀྱི་ཡོད།

གཞུང་གིས་ཅི་ཞིག་བཤད་ཀྱི་ཡོད་དམ།

ཧོང་ཀོང་དང་པེ་ཅིང་གཉིས་ཀའི་གཞུང་གི་འགོ་ཁྲིད་ཚོས་ངོ་རྒོལ་ལ་སྐྱོན་བརྗོད་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ལ། རྒྱ་ནག་ཏུ་སྔོན་ཆད་ངོ་རྒོལ་གྱི་གསར་འགྱུར་བཀག་སྡོམ་བྱས་ཡོད་པ་ལས་ད་ལྟ་གཏོར་སྐྱོན་དང་འཚེ་བ་འབའ་ཞིག་བརྒྱུད་སྟོན་བྱས་ཏེ་ངོ་རྒོལ་བ་ཚོ་ལ་“ཉེས་ཅན་པ་”དང་། “འཚེ་བའི་མི་ཚོགས་”ཞེས་པའི་མིང་བཏགས་ཡོད་པ་མ་ཟད། ངོ་རྒོལ་བ་ཚོས་དྲག་སྤྱོད་པའི་རྣམ་པ་སྟོན་གྱི་འདུག་ཅེས་བརྗོད་ཀྱི་ཡོད་པས། རྒྱ་ནག་གིས་ཧོང་ཀོང་ལ་དྲག་པོ་དང་བཙན་ཤེད་ཀྱི་ཐེ་བྱུས་བྱ་སྲིད་པའི་འཇིགས་སྣང་ཡོང་གི་ཡོད།

རྒྱ་ཁབ་གཞན་རྣམས་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་དམ།

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིས་ཤེས་རྟོགས་བྱས་པ་ལྟར་ན། “རྒྱ་ནག་གི་དམག་མི་ཧོང་ཀོང་གི་ས་མཚམས་སུ་འབྱོར་བཞིན་ཡོད་པས། ཚང་མ་ཞི་འཇམ་དང་བདེ་འཇགས་ཡིན་དགོས་ཡོད་”ཅེས་སྨྲས་ཡོད།

དེ་བཞིན་དབྱིན་ཇིའི་སྲིད་བློན་གྱིས་ཧོང་ཀོང་གི་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ལ་སེམས་ཁུར་གྱི་རྣམ་པ་བསྟན་ཡོད་ལ། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་ཧོང་ཀོང་གི་མི་མང་རྣམས་དབྱིན་ཇིའི་མི་སེར་གྱི་ཐོབ་ཐང་ཡོངས་རྫོགས་སྦྱིན་པའི་ཐད་ལ་བསམ་བློ་གཏོང་དགོས་ཞེས་སྨྲས་ཡོད། །