ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲི་ཞུས་འདུག
ཟླ་༡ པོའི་ཚེས་༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གཉིས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་སྐུ་ཞབས་པི་ཊར་པ་ཝེལ (Petr Pavel)ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་གསུང་དོན། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབུ་ཁྲིད་ལམ་སྟོན་འོག་འཛམ་གླིང་ནང་མང་གཙོ་དང་། རྩ་འཛིན། རིན་ཐང་གཞི་རྩར་བཟུང་བའི་ལམ་ལུགས་ཀྱི་འོད་སྣང་བསྟན་གནང་ཡོད་ཅིང་། དེ་ལྟ་བུའི་རིན་ཐང་འཛམ་གླིང་གང་སར་ལག་བསྟར་བྱེད་ཀྱིན་མེད། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམ་བཅའ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་རང་དབང་གོང་ནས་གོང་དུ་འཕེལ་ཏེ་གཞན་གྱི་མིག་དཔེར་འགྱུར་བའི་གདེང་ཚོད་ཡོད། ཅེས་དང་། སྐུ་ཉིད་ཀྱིས་མུ་མཐུད་སྲིད་འཛིན་ཟུར་པ་སྐུ་ཞབས་ཝ་ཀེ་ལེབ་ཧ་ཝེལ་ (Vaclav Havel)གྱི་མཛད་རྗེས་རྒྱུན་སྐྱོང་གནང་སྐྱོང་ཡོང་བ་མ་ཟད། ཡུ་རོབ་དང་འཛམ་གླིང་སྤྱི་ཡོངས་སུ་ཞི་བདེ་ཁྱབ་འཕེལ་ཡོང་སླད་ཞབས་འདེགས་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་གསུང་དོན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། སྲིད་འཛིན་ལ་གསར་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སྐུ་ཞབས་ཝ་ཁེ་ལབ་ཧཱ་ཝེལ་ (Vaclav Havel)རྣམ་གཉིས་དབར་གྱི་མཛའ་གྲོགས་བརྒྱུད། བོད་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་འབྲེལ་བ་ཧ་ཅང་དམ་ཟབ་བྱུང་ཡོད། སྐུ་ཉིད་ཀྱིས་སྲིད་འཛིན་གྱི་ཐུགས་འགན་བཞེས་རིང་། སྐུ་ཞབས་ཝ་ཁེ་ལབ་ཧཱ་ཝེལ་ (Vaclav Havel)གྱིས་འཇོག་གནང་མཛད་པའི་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་མཐོང་། དྲང་བདེན་བཅས་ཀྱི་རིན་ཐང་བཟང་པོའི་ཐོག་མུ་མཐུད་མཇུག་སྐྱོང་གནང་རྒྱུའི་ཡིད་ཆེས་དང་། རེ་བ་ཆེན་པོ་ཡོད། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་ལས་ཡུན་རིང་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།