ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་དམ་བཅའ།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་རྒྱལ་ལོ་༢༡༤༨ རབ་གནས་ལྕགས་གླང་ལོའི་ལོ་གསར་ལ་འཚམས་འདྲི་དང་འབྲེལ། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག
གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་བྷ་སི་(Přemysl Rabas) དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་འཛུགས་མཁན་གྱི་ཚོགས་མི་སྐུ་ཞབས་ཧྥ་རན་ཊི་སེག་ཀོ་པི་རི་ཝ་(Frantisek Kopriva) ཡིས་དབུས་པའི་ཚོགས་མི་རྣམ་པས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་དང་། བོད་ཀྱི་གནད་དོན་མྱུར་དུ་སེལ་བའི་སྨོན་འདུན་གནང་བ་དང་སྦྲགས། “དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཐོག་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མ་ཐོབ་བར་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ལོག་མ་ཐུབ་བར་དུ་ང་ཚོས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་”ཞེས་དམ་བཅའ་གནང་འདུག
དེ་མིན་ད་དུང་ཡུ་རོབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེས་ལོ་གསར་པའི་གོ་སྐབས་དང་བསྟུན་ནས་ཨ་རིའི་གཞུང་གིས་་“༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་”གཏན་འབེབས་བྱས་པར་འཚམས་འདྲི་གནང་བ་དང་། བོད་ཀྱི་གནད་དོན་སེལ་བར་ཁྲིམས་དེ་ཤིན་ཏུ་གལ་གནད་ཅིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་༢༠༡༨ ལོར་གཞུང་འབྲེལ་ཐོག་ནས་བསྐྱར་འཛུགས་བྱས་པ་ཞིག་ཡིན་པ་མ་ཟད། ཡུ་རོབ་གླིང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེའང་ཆགས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།