ཅེག་སྤྱི་འཐུས་རྒྱལ་ཁབ་ནང་དུ་མེ་མདའི་དོན་རྐྱེན་ཁྲོད་མི་༡༤ ཙམ་གྱི་ཚེ་སྲོག་ཤོར།
ཟླ་འདིའི་ཚེས་༢༢ ཉིན་བྷི་བྷི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་གཙུག་ལག་སློབ་གཉེར་ཁང་རྙིང་ཤོས་དང་ཆེ་ཤོས་ཤིག་གི་ནང་མི་ཞིག་གིས་མེ་མདའ་བརྒྱབས་ནས་མི་གྲངས་༡༤ བསད་ཅིང་མི་གྲངས་༢༥ ལ་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༡ ཉིན་གྱི་ཕྱི་དྲོར་ས་གནས་ཀྱི་ཆུ་ཚོད་༣ ་ཡས་མས་སུ་མི་ཞིག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་ཡོད་པའི་ཅར་ལི་སི་(Charles) ་གཙུག་ལག་སློབ་གཉེར་ཁང་གི་འབྱུང་རིག་སྡེ་ཚན་གྱི་ཁང་པའི་བར་ཁྱམས་དང་འཛིན་ཁང་ནང་དུ་མེ་མདའ་གང་བྱུང་བརྒྱབས་ནས་མི་གྲངས་༡༤ བསད་ཅིང་། མི་གྲངས་༢༥ ལ་རྨས་སྐྱོན་བཏང་ཡོད་པ་དང་། མི་གྲངས་༡༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག མེ་མདའི་དོན་རྐྱེན་དེ་ནི་ཡུ་རོབ་ཀྱི་ཉེ་རབས་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་ཞིང་གཞི་རྒྱ་ཆེ་བའི་མེ་མདའི་དོན་རྐྱེན་གྲས་ཤིག་ཆགས་ཡོད་འདུག
མི་དེས་མེ་མདའ་ཆེན་པོ་ཞིག་ཁྱེར་ཡོད་ཀྱང་། ཉེན་རྟོག་པས་ཁོང་ལ་དེ་སྔོན་བྱས་ཉེས་ཀྱི་ཟིན་ཐོ་མེད་པ་དང་ཁོང་ཉིད་ལོ་ན་༢༤ ལ་སོན་པའི་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཡིན་པར་བརྗོད་འདུག ཉེས་རྟོག་པས་མི་དེ་མེད་པ་བཏང་ཟིན་ཞེས་བརྗོད་ཡོད་འདུག་པར་མ་ཟད། ཁོས་སོ་སོའི་ཨ་ཕ་བསད་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་འདུག ཟླ་འདིའི་ཚེས་༡༥ ཉིན་ཉེན་རྟོག་པ་ཚོས་Prague ཞེས་པའི་ས་གནས་ཀྱི་མཐའ་སྐོར་ནགས་ཚལ་ཞིག་ཏུ་སྐྱེས་པ་ཞིག་དང་ཟླ་བ་གཉིས་ཟིན་པའི་ཁོང་གི་བུ་མོའི་རོ་རྙེད་ཡོད་པ་དང་། དེ་གཉིས་གསོད་མཁན་ཡང་ཁོ་ཡིན་པ་དོགས་པ་བྱེད་བཞིན་ཡོད་འདུག
དོན་རྐྱེན་དེ་མ་བྱུང་སྔོན། དོགས་ཡོད་མི་སྣ་དེ་ཉེ་འདབས་ཀྱི་གྲོང་རྡལ་ནས་(Prague) ་ཞེས་པའི་ས་གནས་སུ་ཕྱིན་ཏེ་རང་སྲོག་གཅོད་རྩིས་བྱས་པའི་སྙན་ཞུ་ཞིག་འབྱོར་ཡོད་འདུག དུས་ཡུན་ཐུང་ངུ་ཞིག་གི་རྗེས་ཁོའི་ཨ་ཕ་ཤི་ཡོད་པ་རྙེད་སོན་བྱུང་ཡོད་འདུག
ཐེངས་འདིར་ཁོས་མེ་མདའ་བརྒྱབས་ནས་མི་གསོད་དགོས་པའི་དམིགས་ཡུལ་གསལ་བོ་ཤེས་རྟོགས་བྱུང་མེད་ཀྱང་། ཉེན་རྟོག་པ་ཚོས་དྲ་ལམ་ཐོག་ནས་ངེས་གཏན་མེད་པའི་གནས་ཚུལ་ཞིག་རག་ཡོད་པར་ལྟར་ན། ཉེ་ཆར་ཨུ་རུ་སུ་ལ་དོན་རྐྱེན་དེ་དང་མཚུངས་པ་ཞིག་བྱུང་ཡོད་པ་ལས་ཁོང་ཉིད་སེམས་ཤུགས་འཕར་ཡོད་པར་བརྗོད་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གྱིས། འཇིགས་སུ་རུང་བའི་བྱ་སྤྱོད་དེས་ང་ཚོ་ཚང་མ་ཧོན་འཐོར་བཅུག་སོང་ཞེས་དང་། ཡེ་ཤུའི་འཁྲུངས་སྐར་གོང་གི་ཉིན་དེ་དག་ནང་ང་ཚོའི་སྤྱི་ཚོགས་ཧྲིལ་པོར་སྔུག་བསྔལ་དང་ཡིད་སྐྱོ་བའི་ཚོར་སྣང་བྱུང་ཡོད་པས། རེས་གཟའ་སྤེན་པའི་ཉིན་ནི་མྱ་ངན་ཞུ་བའི་ཉིན་མོ་ཡིན་པ་དང་། གཞུང་གི་ཁང་པ་ཚང་མའི་འགྲམ་ཡོད་པའི་དར་ཆ་ཕྱེད་ཀར་མ་དབབ་རྒྱུ་དང་། ཉིན་གུང་གི་དུས་སུ་ངག་བཅད་ཀྱིས་སྐར་མ་གཅིག་གི་རིང་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག རེས་གཟའ་ཕུར་བུའི་དགོང་མོར་མི་རྣམས་ཀྱིས་མེ་མདའ་རྒྱག་སའི་གཡས་གཡོན་དུ་བཞུ་མར་སྤར་བ་དང་མེ་ཏོག་ཕུལ་བ་སོགས་བྱས་ཡོད་འདུག
ཅར་ལེ་སི་གཙུག་ལག་སློབ་གཉེར་ཁང་དེ་ནི་ཕྱི་ལོ་༡༣༤༧ ལོ་དབུ་བརྙེས་ཡོད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་གཙུག་ལག་ཁང་རྙིང་ཤོས་དང་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་མ་ཟད། ཡུ་རོབ་ནང་གི་གཙུག་ལག་ཁང་རྙིང་ཤོས་གྲས་ཤིག་ཆགས་ཀྱི་ཡོད་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ནང་མི་གྲངས་ས་ཡ་༡༠.༦ ཡོད་པ་དང་། ཕྱི་ལོ་༢༠༢༠ ལོར་སླེབས་སྐབས། ཁྲིམས་མཐུན་གྱིས་མེ་མདའ་བདག་ཉར་བྱེད་མཁན་མི་གྲངས་༣༠༧,༠༠༠ ་ཟིན་ཡོད་འདུག ཁོང་ཚོས་སོ་སོའི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད་དུ་མེ་མདའ་བདག་ཉར་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།