ཆ་རྐྱེན་ཚང་བའི་བོད་མི་ཚང་མར་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོབ་རྒྱུ།
རྒྱ་གར་ཕྱི་སྲིད་ལས་ཁང་གིས་ཕྱི་ལོ་༡༩༥༥ ལོའི་རྒྱ་གར་མི་སེར་གྱི་བཅས་ཁྲིམས་ལྟར། ཆ་རྐྱེན་ཚང་བའི་སྙན་ཞུ་སྤྲོད་མཁན་བོད་མི་ཚང་མར་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་སྤྲད་དགོས་པའི་ཐག་གཅོད་བྱས་ཏེ། ཡན་ལག་ཕྱི་སྐྱོད་ལག་ཁྱེར་ལས་ཁང་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་གར་གྱི་ལས་ཁང་ཁག་ཏུ་བཀའ་ཁྱབ་ཅིག་བཏང་ཡོད་འདུག
དེ་ཡང་ཕྱི་ལོ་༡༩༥༥ ལོའི་རྒྱ་གར་མི་སེར་གྱི་བཅས་ཁྲིམས་ལྟར་ན། ཕྱི་ལོ་༡༩༥༠ ལོའི་ཟླ་༡ པོའི་ཚེས་༢༦ ཉིན་ནས་ཕྱི་ལོ་༡༩༨༧ ལོའི་ཟླ་༧ པའི་ཚེས་༡ བར་རྒྱ་གར་ནང་སྐྱེས་མཁན་ཚང་མ་རང་བཞིན་གྱི་རྒྱ་གར་མི་སེར་ཆགས་ཀྱི་ཡོད་པ་དང་། གལ་ཏེ་ཕྱི་ལོ་༡༩༨༧ ལོའི་ཟླ་༧ པའི་ཚེས་༡ རྗེས་སུ་སྐྱེས་མཁན་རྣམས་ཀྱི་ཕ་མ་གང་རུང་ཞིག ཕྲུ་གུ་དོ་བདག་དེ་སྐྱེས་སྐབས་རྒྱ་གར་གྱི་མི་སེར་ཡིན་ན། ཕྲུ་གུ་དེ་རྒྱ་གར་གྱི་མི་སེར་ཆགས་ཀྱི་ཡོད་འདུག
རྒྱ་གར་ཕྱི་སྲིད་ལས་ཁང་གི་ཐག་གཅོད་དེ་ནི་བློ་བཟང་དབང་རྒྱལ་གྱིས། རྒྱལ་ས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་དུ་ཞུ་གཏུག་བྱས་རྗེས། ཕྱི་ལོ་༢༠༡༦ ལོའི་ཟླ་༩ པའི་ཚེས་༢༢ ཉིན་ཁྲིམས་ཁང་དེས་བོད་མི་རྒྱ་གར་མི་སེར་གྱི་ཆ་རྐྱེན་ཚང་ཡོད་པ་རྣམས་ལ། ཕྱི་སྐྱོད་ལག་ཁྱེར་སྤྲོད་དགོས་པ་དང་དེ་ལྟར་མ་བྱས་ཚེ་ཁྲིམས་ཁང་ལ་མ་བརྩི་བར་ངོས་ལེན་བྱ་རྒྱུ་ཡིན་པའི་བཀོད་ཁྱབ་ཅིག རྒྱ་གར་ཕྱི་སྲིད་ལས་ཁང་དང་ཕྱི་སྐྱོད་ལག་ཁྱེར་གྱི་ལས་ཁང་ཁག་ལ་བཏང་ཡོད་པ་རེད།
དེ་རྗེས་རྒྱ་གར་ཕྱི་སྲིད་ལས་ཁང་གིས་ནང་སྲིད་ལས་ཁང་ལ། མཐོ་རིམ་ཁྲིམས་ཁང་གི་ཐག་གཅོད་དེར་བསྐྱར་ཞུ་བྱེད་འཆར་ཡོད་མེད་སྙན་སེང་ཞུ་བའི་འབོད་སྐུལ་བྱས་ཡོད་པ་དང་། རྗེས་སུ་ནང་སྲིད་ལས་ཁང་གིས་བསྐྱར་ཞུ་བྱེད་འཆར་མེད་སྐོར་གྱི་ལན་འདེབས་བྱས་ཡོད་པ་རེད། རྒྱལ་ས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་གི་ཐག་གཅོད་དེའི་རྗེས། བོད་མི་མང་པོ་ཞིག་གི་ཁྲིམས་ཁང་དེར་ཞུ་གཏུག་བྱས་ཡོད་པ་རེད་འདུག
སྤྱིར་བཏང་རྒྱ་གར་མ་ཡིན་པའི་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་མི་ཕལ་ཆེ་བ་གནས་ཡུལ་དེའི་མི་སེར་ལག་ཁྱེར་ལེན་གྱི་ཡོད་པ་རེད་དེ། རྒྱ་གར་ནང་དུ་མི་སེར་གྱི་ཆ་རྐྱེན་ཚང་མཁན་བོད་མི་མང་པོ་ཡོད་ཀྱང་། ད་བར་ལེན་མཁན་ག་ཚོད་བྱུང་ཡོད་མེད་ཀྱི་རྩིས་ཐོ་གསལ་པོ་ཞིག་མེད་པ་རེད། དེ་ཡང་སྤྱི་ཚོགས་ནང་དུ་རྒྱ་གར་གྱི་མི་སེར་ལག་ཁྱེར་བླངས་ཚེ་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཉམས་རྒྱུ་ཡིན་པའི་བསམ་བློ་ཁྱེར་མཁན་མང་པོ་ཞིག་ཡོད་པ་ཡིན་ཡང་། ཁག་ཅིག་གིས་རྒྱ་གར་གྱི་མི་སེར་ལག་ཁྱེར་བླངས་ཚེ། ད་ལྟའི་གཞིས་ཆགས་ཁག་ཏུ་བོད་མི་སྐྱབས་བཅོལ་བ་ཡོད་མཁན་ཚོར་ཐོབ་པའི་ཐོབ་ཐང་བརླག་གི་རེད་བསམ་ནས། སྙན་ཞུ་མི་རྒྱག་མཁན་ཡང་མང་པོ་ཡོད་པ་རེད། དེ་སྔོན་བློ་བཟང་དབང་རྒྱལ་ལ་ཕྱི་སྐྱོད་ལག་ཁྱེར་ཐོབ་སྐབས། ཁོང་གིས་རང་ཉིད་ལ་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོབ་ཀྱང་། བོད་མིའི་སྤྱི་ཚོགས་ནས་ཟུར་དུ་ཐོན་གྱི་མེད་ཁར། བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་འཐབ་རྩོད་ལ་སེམས་ཁུར་མུ་མཐུད་ཡོད་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།