ཆག་འཇིག་གི་གནས་སུ་ལྷུང་བཞིན་པའི་པ་ཀི་སི་ཐན།
རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་ནང་འདས་པའི་ལོ་ཤས་ནས་རྒྱལ་ཁབ་གྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་དང་ཆུ་ལོག་གིས་རྐྱེན་པའི་མི་རྒྱུ་གཉིས་ལ་གནོད་འཚེ་ཚབ་ཆེན་ཕོག་པ། དྲག་སྤྱོད་པས་གཏོར་རྒོལ་བྱེད་རྒྱུ་མང་དུ་འགྲོ་བ། ཡུལ་ཐང་འཕར་ཆ་མཐོ་རུ་ཕྱིན་ནས་མི་མང་གི་འཚོ་གནས་ལ་དོ་ཕོག་ཤུགས་ཆེན་འགྲོ་བཞིན་ཡོད་པ་སོགས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། པ་ཀི་སི་ཐན་ནང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད། བདེ་འཇགས་སྲུང་སྐྱོབ་ལ་སོགས་ཆག་འཇིག་གི་གནས་སུ་ལྷུང་ཡོད་ཀྱང་སྲིད་དོན་པ་དང་ཆབ་སྲིད་ཀྱི་སྒྲིག་འཛུགས་ཁག་གིས་དབང་ཆ་འཐབ་རྩོད་ཁོ་ན་ལ་མགོ་འཁོར་ནས་རྒྱལ་ཁབ་ཆག་འཇིག་གི་གནས་ལས་སུས་སྐྱོབ་ཐུབ་མིན་ནི་ད་དུང་ལན་འདེབས་དཀའ་བའི་དྲི་རྟགས་ཆེན་པོ་ཞིག་ཡིན་འདུག
ཨ་རིའི་ནང་རྟེན་གཞི་བྱས་པའི་ལྷོ་ཨེ་ཤེ་ཡའི་ཉམས་ཞིབ་བསྟེ་གནས་ཁང་(the South Asia Institute) གི་འགན་འཛིན་མག་ཀེལ་ཀོ་གྷི་མན་(Michael kugelman ) གྱིས་པ་ཀི་སི་ཐན་གྱི་ད་ལྟའི་དཀའ་ངལ་དག་ལ་བརྟེན་ནས་མ་འོངས་པ་དཀའ་ངལ་དེ་ལས་ཚབ་ཆེ་བ་ཡོང་སྲིད་པ་ཡིན་ཞིང། ད་ལྟའི་དཀའ་ངལ་དག་སེལ་མ་ཐུབ་ཚེ་མ་འོངས་པར་མདུན་བསྐྱོད་ནམ་ཡང་བྱེད་ཐུབ་མི་སྲིད་ཅེས་བརྗོད་འདུག ད་ཆར་པ་ཀི་སི་ཐན་གྱི་དཔལ་འབྱོར་གནས་བབ་ནི་ཛ་དྲག་ཏུ་གྱུར་ཡོད་ཅིང། སྣུམ་སོགས་ཕྱི་ཕྱོགས་ནས་དངོས་ཟོག་ནང་འདྲེན་ཆེད་དུ་མ་དངུས་གསོག་འཇོག་གི་གྲངས་ཀ་ནི་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་དང་བསྡུར་ན་ཉུང་ཤོས་སུ་གྱུར་ཡོད་འདུག་ལ། འདི་ལོ་སྔར་སྟོད་ནས་འཛམ་གླིང་མཉམ་འབྲེལ་མ་དངུས་ཐེབས་རྩ་ཁང་ནས་ཛ་དྲག་མྱུར་སྐྱོབ་ཆེད་ཨ་སྒོར་ཐེར་འབུམ་$1.1 རག་ཐབས་བྱས་ཡོད་ཀྱང་དོན་ཕན་བྱུང་མི་འདུག
པ་ཀི་སི་ཐན་ནང་དྲག་སྤྱོད་པས་གཏོར་རྒོལ་ཡང་ཡང་འབྱུང་བཞིན་པ་དང། འདི་ལོ་གཅིག་པུའི་ནང་ཁྱོན་གཏོར་རྒོལ་ཐེངས་༤༣༦ བྱུང་ཡོད་འདུག དྲག་སྤྱོད་པས་པ་ཀི་སི་ཐན་གྱི་བདེ་སྲུང་དམག་མི་ལ་དམིགས་ནས་གཏོར་རྒོལ་བྱེད་ཀྱིན་ཡོད་ཅིང། གཏོར་ཐེངས་རེ་ལ་དམག་མི་གྲངས་ཀ་ཇི་ཙམ་བསད་ཡོད་མེད་དང་པ་ཀི་སི་ཐན་གྱི་ས་ཆ་ཇི་ཙམ་བཙན་བཟུང་བྱས་ཡོད་མེད་སོགས་དྲག་སྤྱོད་པས་པར་དང་བརྙན་སོགས་ཁྱབ་སྤེལ་གཏོང་གི་ཡོད་འདུག དེ་བཞིན་ཟས་རིགས་ཀྱི་རིན་གོང་ཧ་ཅང་གིས་མཐོ་རུ་ཕྱིན་པ་དང། འདི་ལོའི་ཆར་དུས་མ་ཡོང་སྔོན་དུ་འདས་པའི་ཕྱི་ལོ་༢༠༢༢ ནང་ཆུ་ལོག་གིས་རྐྱེན་པའི་མི་རྒྱུ་གཉིས་ལ་གནོད་འཚེ་ཚབ་ཆེན་ཕོག་པ་དག་ད་དུང་ཡང་བསྐྱར་གསོ་ཐུབ་མེད་པར་བརྟེན། ད་ལྟའི་ཆར་པ་ཀི་སི་ཐན་གྱི་སྲིད་དོན་པ་རྣམས་ལ་ལས་འགན་ཆེན་པོ་ཡོད་འདུག
དེ་བཞིན་སྲིད་དོན་ཉམས་ཞིབ་པ་མུ་ཧོ་མལ་སོ་ཧཛ་(Mehmal Sarfraz) བརྗོད་དོན་ལ། པ་ཀི་སི་ཐན་གྱི་ཆབ་སྲིད་བརྟན་པོ་མིན་པའི་རྐྱེན་གྱིས་རྒྱལ་ཁབ་གྱི་ཆབ་སྲིད་སྒྲོམ་གཞི་ལ་དོ་ཕོག་འགྲོ་བཞིན་ཡོད་པས། གལ་སྲིད་མུ་མཐུད་ནས་དེ་ལྟར་བྱུང་ཚེ་ཆབ་སྲིད་ཀྱི་སྒྲོམ་གཞི་ཡོངས་རྫོགས་སྦོ་ལུག་སྲིད་པས་དེ་ནི་སུ་ལ་ཡང་དགོས་པ་ཞིག་མ་རེད་ཅེས་བརྗོད།
ཆབ་སྲིད་ཀྱི་རྩོད་རྙོག་ཡོང་དོན་ཅི་ཡིན་ནམ།
སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ་ཕྱི་ལོ་༢༠༢༢ ཟླ་༤ པའི་ནང་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨི་མི་རམ་ཁམ་གྱི་སྲིད་དོན་ཚོགས་པ་དེ་གཞུང་འཛིན་ཚོགས་པ་ཡིན་དུས་གྲོས་ཚོགས་ནང་( no confidenceསྲིད་དབང་མུ་མཐུད་འཛིན་ཐུབ་མིན་) ཞེས་པའི་འོས་བསྡུར་བྱས་ནས་འོས་ཤོར་བར་བརྟེན། ཁོང་སྲིད་བློན་ནས་དགོངས་པ་ཞུ་དགོས་བྱུང་ཡང་འོས་ཤོར་བ་ངོས་ལེན་མ་བྱས་པ་མ་ཟད། ཁོང་གིས་ངོ་རྒོལ་ལས་འགུལ་འདྲ་མིན་དང་དྲག་སྤྱོད་ལ་སོགས་སྤེལ་བའི་རྐྱེན་གྱིས་པ་ཀི་སི་ཐན་གཞུང་གིས་ཁོང་འཛིན་བཟུང་ཆེད་ཉེན་རྟོག་པ་ཐེངས་གཉིས་ཙམ་ཁོང་གི་ཁྱིམ་དུ་ཡོང་ཡོད་འདུག་ལ། ཁོང་ལ་དྲག་སྤྱོད་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་བའི་ཉེས་མིང་འོག་ད་བར་དོན་རྐྱེན་བརྒྱ་ལྷག་གི་ཉེས་འཛུགས་བྱས་ཡོད་པར་གསུངས། ད་དུང་ཁོས་པ་ཀི་སི་ཐན་གྱི་གཞུང་ཁྲིམས་ཁང་དུ་བསྐྱལ་ཡོད་པ་དང་ཁོང་གི་སྲིད་དོན་ཚོགས་པས་རྒྱལ་ཡོངས་ནང་འོས་བསྡུ་བསྐྱར་དུ་བྱེད་ཆེད་ས་ཁུལ་གཉིས་ཀྱི་གྲོས་ཚོགས་འོས་བསྡུ་བཀག་འགོག་བྱས་ཡོད་ཀྱང། འོས་བསྡུ་བསྐྱར་དུ་བྱེད་རྒྱུ་ལམ་ལྷོང་བྱུང་མེད་པ་བརྗོད།
ཨི་མི་རེ་ཁམ་དང་འབྲེལ་བའི་ཉེས་འཛུགས་མང་པོ་ཞིག་ལ་པ་ཀི་སི་ཐན་གྱི་ཁྲིམས་ཁང་ནང་རྩོད་གླེང་འགྲོ་བཞིན་པར་བརྟེན། ད་ཆར་པ་ཀི་སི་ཐན་གྱི་ཁྲིམས་ཞིབ་ཁང་ནང་དུ་ཡང་ཁྲིམས་དཔོན་བར་ཤོག་ཁག་གཉིས་སུ་གྱུར་ཡོད་པར་བརྟེན། པ་ཀི་སི་ཐན་དབུས་གཞུང་ནས་ཁྲིམས་རྩོད་པ་ཁག་གཅིག་ལ་ཨི་མི་རེ་ཁམ་ལ་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་བྱས་འདུག་ལ། ཤོག་ཁག་གཉིས་ཀྱི་བར་འགལ་ཟླ་ཡིས་རྐྱེན་པའི་ཀི་སི་ཐན་རྒྱལ་ཁབ་གྱི་རྩ་ཁྲིམས་ལ་དོ་ཕོག་ཆེན་པོ་འགྲོ་སྲིད་པའི་འཇིགས་སྣང་སྐྱེ་བཞིན་ཡོད་འདུག
དེ་བཞིན་པ་ཀི་སི་ཐན་གྱི་གྲོས་ཚོགས་འཕེལ་རྒྱས་དང་དོན་གསལ་ཚོགས་པ་གསར་འཛུགས་གནང་མཁན་དང་སྲིད་དོན་དཔྱད་བརྗོད་པ་ཨ་ཧི་མ་དི་སྦ་ལི་ལ་(Ahmad Bilal)་བརྗོད་དོན་ལ། ད་ལྟའི་གཞུང་འཛིན་ཚོགས་པས་སྲིད་དབང་མུ་མཐུད་ནས་འཛིན་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཀྱང། ཨི་མི་རེ་ཁམ་གྱིས་གཞུང་འཛིན་ཚོགས་པར་ཁ་གཏད་མུ་མཐུད་གཅོག་བཞིན་ཡོད་པ་དང། ད་ལྟའི་པ་ཀི་སི་ཐན་གྱི་སྲིད་དོན་གྱི་རྩོད་རྙོག་ཡོང་དོན་གཞན་ཞིག་ནི་ནུས་པ་ལྡན་པའི་སྲིད་དོན་གྱི་སྒྲིག་འཛུགས་མེད་པར་བརྟེན། སྲིད་དོན་ཚོགས་པ་གཉིས་ཀྱི་བར་རྩོད་རྙོག་འདུམ་འགྲིག་ཐུབ་གྱི་མེད་པར་བརྗོད།
སྤྱིར་པ་ཀི་སི་ཐན་གྱི་ཆབ་སྲིད་ཁྲོད་དམག་མི་དང་གསང་བའི་ལས་ཁུངས་གཉིས་ཀྱིས་ཐད་ཇུས་ཤུགས་ཆེར་བྱེད་བཞིན་ཡོད་ཅིང།
སྐབས་རེ་སྲིད་དབང་བཟུང་བ་དང་སྐབས་རེ་གཞུང་འཛིན་ཚོགས་པ་འགོ་རྟིང་སློག་པ་ལ་སོགས་ཡོང་གིན་ཡོད་འདུག དཔེར་ན། ཕྱི་ལོ་༢༠༡༨ ནང་ཨི་མེ་རེ་ཁམ་གྱི་སྲིད་དོན་ཚོགས་པ་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས་ཁོང་སྲིད་བློན་ཆགས་པ་དེ་དམག་མི་ཡིས་རོགས་རམ་བྱས་ནས་ཐོབ་ཡོད་ཚུལ་དང་ཉེ་ཆར་ཁོང་གི་སྲིད་དོན་ཚོགས་པ་སྲིད་དབང་ཤོར་བ་དེ་ཡང་དམག་མི་ཡིས་ངན་ཇུས་བཤམས་ཡོད་པ་སྲིད་དོན་དཔྱད་བརྗོད་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག དམག་མིའི་སྡེ་ཚན་ནང་ཁུལ་བར་ཨི་མེ་རེ་ཁམ་དང་འབྲེལ་བའི་རྩོད་རྙོག་འབྱུང་བཞིན་པ་དང། དེ་ཡང་དམག་དཔོན་མཐོ་གྲས་རྣམས་ཀྱིས་ཨི་མེ་རེ་ཁམ་སྲིད་དོན་ནང་བསྐྱར་དུ་འཛུལ་བར་མཐོང་འདོད་མེད་ཀྱང། དམག་དཔོན་དམའ་རིམ་ནང་ཨི་མེ་རེ་ཁམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པར་བརྟེན། དམག་མི་ནང་ཁུལ་བར་མི་མཐུན་པའི་རྐྱེན་གྱིས་ད་ཆར་སྲིད་དབང་བརྟན་པོ་ཞིག་བཟོ་ཐུབ་ཀྱི་མེད་པ་ཨེ་ཤེ་ཡའི་ཉམས་ཞིབ་བསྟེ་གནས་ཁང་གི་སྲིད་དོན་ཉམས་ཞིབ་པ་ཀོ་གྷི་མས་བརྗོད་འདུག
དེ་རྗེས་སུ་ཅི་ཞིག་འབྱུང་སྲིད་དམ།
འདི་ལོར་པ་ཀི་སི་ཐན་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཡིན་ཡང། ས་གནས་ཁག་གི་འོས་བསྡུའི་ཆེད་དངུལ་མེད་པ་དང་བདེ་འཇགས་སྲུང་སྐྱོབ་བྱེད་མི་ཐུབ་ཚུལ་སོགས་ཟེར་ནས་དུས་འགྱངས་བྱེད་སྲིད་པའི་དངངས་འཚབ་སྐྱེ་བཞིན་པ་དང་། གལ་སྲིད་དེ་ལྟར་ཡོང་ན་པ་ཀི་སི་ཐན་གྱི་དམངས་གཙོ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པ་རེད་ཅེས་སྲིད་དོན་ཉམས་ཞིབ་པ་སྦ་ལིས་བརྗོད་པ་དང། ཉེ་ཆར་དབུས་གཞུང་དང་ཨི་མེ་རེ་ཁམ་གྱི་སྲིད་དོན་ཚོགས་པ་གཉིས་ཀྱི་བར་གྲོས་མོལ་བྱས་ནས་འོས་བསྡུའི་སྐོར་བཀའ་མོལ་གནང་ཡོད་ཀྱང། ད་བར་གྲོས་མཐུན་བཞག་མི་འདུག་ལ་འོས་བསྡུ་ག་དུས་བྱེད་མིན་ཡང་ཁ་གསལ་མི་འདུག་ཅེས་བརྗོད།
ད་དུང་བརྗོད་དོན་ལ་གལ་སྲིད་འོས་བསྡུ་ད་ལྟ་རང་བྱེད་པ་ཡིན་ན་ཡང་རྩོད་རྙོག་སེལ་བའི་ཐབས་ལམ་འགྱུར་མི་སྲིད་པ་མ་ཟད། སྲིད་དོན་ཚོགས་པ་གཉིས་ཀྱིས་མོས་མཐུན་ཡོད་པའི་ཐོག་ནས་རྩོད་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པ་འོས་བསྡུའི་གྲུབ་འབྲས་ཐོན་དུས་བསྐྱར་དུ་རྩོད་རྙོག་ཡོང་ནས་གཞུང་གི་སྒྲོམ་གཞི་ཡོངས་རྫོགས་སྦོ་ལུག་སྲིད་པས། དེ་ལས་གྲོས་མོལ་བྱས་ནས་རྩོད་རྙོག་སེལ་ན་ལེགས་ཚུལ་གསུངས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།