ཆབ་སྲིད་ཀྱི་ཐག་གཅོད་མི་ཡིས་བྱེད་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༥༨༩  ཕྱི་ལོ་ ༢༠༡༦/༤/༦
ལོ་འདིའི་འོས་བསྡུ་ཆེན་མོ་ནི་འཁྲུག་ཆ་དོད་ཅིང་ཕྱོགས་འཐེན་གྱི་རྣམ་པ་ཧ་ཅང་གསལ་པོ་མངོན་ཡོད་པ་མ་ཟད། གཟུར་གནས་ཀྱི་མི་སྣ་མང་པོ་ཞིག་ཀྱང་བྱེད་སྟངས་དེ་ལ་སེམས་གཏིང་ནས་བློ་ཕམ་བྱུང་ཡོད། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་མཐའ་མ་གྲུབ་མ་ཐག བཀའ་འབྲེལ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཚང་འཛོམས་ཐོག་གནས་ཆུང་གྲྭ་ཚང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང། ཚེ་རིང་མ་གཉིས་སྤྱན་འདྲེན་ཞུས་པར་འོས་བསྡུ་ཆེན་མོའི་ནང་ཕྱོགས་ཡོངས་ནས་ཆོལ་ཁའི་འཐེན་འཁྱེར་སོགས་བློ་ཕམ་དགོས་པའི་གནས་ཚུལ་བྱུང་བའི་སྐོར་དང། བོད་བསྟན་པ་ཆབ་སྲིད་ཀྱི་འགག་རྩར་འདུག་ཐུག་དུས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གསུང་དང་དུ་བླངས་ནས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་འདི་དག་ཧ་ཅང་གལ་ཆེ་ཚུལ་སོགས་བཀའ་བཀྱོན་དང་འབྲེལ་ནས་ཕེབས་པའི་རྣམ་པ་ཕྱི་ལ་བཀྲམ་པར་བརྟེན། དད་ལོག་སྐུར་འདེབས་སོགས་ཧ་ཅང་མང་པོ་ཞིག་མཐོང་རྒྱུ་འདུག

ལྷག་པར་དུ་གནས་ཆུང་གི་བཀའ་ལུང་ཕེབས་པའི་ཡིག་ཆ་དེ་ཉིད་སྤྱི་འཐུས་ལྷན་ཚོགས་དང། བཀའ་ཤག་ལ་མ་འབྱོར་སྔོན་ནས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་སོང་བའི་གནས་ཚུལ་འདི་ཉིད་ཧ་ཅང་གི་བྱེད་ཐབས་སྐྱོ་བོ་ཞིག་ཏུ་གྱུར་ཡོད་ལ། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་བེད་སྤྱོད་ལོག་པར་གཏོང་མཁན་མང་པོ་བྱུང་བ་དང། གནས་ཆུང་ཆོས་རྒྱལ་ཆེན་པོ་ལ་ལོག་ལྟ་དང་སྐུར་འདེབས། ཡིད་ཆེས་མེད་པའི་བསམ་ཚུལ་འཛེམས་ཟོན་མེད་པར་སྤེལ་མཁན་ཧ་ཅང་མང་པོ་བྱུང་འདུག དེ་བཞིན་ཚེ་རིང་མ་ལྷ་བབས་བཞིན་པའི་སྐབས་ཀྱི་བརྙན་ཐུང་ཞིག་ཀྱང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དུ་བཏང་བ་དང། བརྙན་ཐུང་དེའི་ནང་དུ་སྐད་རྫུན་མ་བཅུག་ནས་འགྲེམས་སྤེལ་བྱེད་མཁན་སོགས་ཧ་ཅང་མང་པོ་ཞིག་བྱུང་ཡོད། གནས་ཚུལ་འདི་དག་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་དར་བའི་ལྷ་བབས་པའི་ཆོ་ག་འདི་ལའང་གཏན་ནས་ཡིད་ཆེས་མི་བྱེད་མཁན་ཧ་ཅང་མང་པོ་ཞིག་ཡོད་པ་མངོན་གསལ་དོད་དུ་ཕྱིན་སོང།

ལྷ་བབས་པའི་ཆོ་ག་འདི་ཉིད་བོད་པའི་སྲོལ་རྒྱུན་གྱི་རིག་གནས་ནང་དར་ཁྱབ་བྱུང་བ་ཞིག་ཡིན་པ་དང། བྱེད་སྟངས་འདི་དག་དུས་རབས་ཉེར་གཅིག་པའི་ནང་དུ་གནས་གང་དུ་འོས་བབས་ཡོད་མེད་སོགས་ལ་བལྟ་རྒྱུ་ཧ་ཅང་གལ་ཆེ་སྙམ། མི་སྒེར་དང་དགོན་སྡེ་ཁག་ཏུ་ལྷ་བབས་ནས་ཐུགས་དམ་ལུང་བསྟན་ཞུ་བའི་ཆོ་ག་འདི་དག་རྒྱུན་འཛིན་བྱས་ན་མི་འོས་པ་མེད་ཀྱང། མང་གཙོའི་ལམ་སྲོལ་གྱི་ཐོག་ནས་འཛིན་སྐྱོང་བྱེད་བཞིན་པའི་སྲིད་གཞུང་ཞིག་གི་ངོས་ནས་མཐར་ཐུག་གི་ཐག་གཅོད་དང། རེ་བ་རྒྱག་ཡུལ་འདི་ལྟ་བུ་ལ་བྱེད་པ་ནི་འོས་བབས་གཏན་ནས་མེད་པའི་བྱེད་སྟངས་ཤིག་ཏུ་གྱུར་ཡོད། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོས་ནས་བཤད་ཀྱང་བརྟག་དཔྱད་དང་ཞིབ་འཇུག་ལ་བརྟེན་ནས་གནས་ལུགས་དང་རྒྱུ་མཚན་འཚོལ་དགོས་པ་ལས། རྒྱུ་མཚན་བཤད་རྒྱུ་མེད་པར་དད་པ་ཙམ་ལ་བརྟེན་མི་རུང་བའི་བསླབ་བྱ་རྒྱག་མཁན་མང་ནས་མང་དུ་འགྲོ་བཞིན་པའི་སྐབས་འདིར། ཆབ་སྲིད་ཀྱི་སྡིངས་ཆ་མཐོ་ཤོས་སུ་འདི་ལྟ་བུ་ལག་བསྟར་བྱེད་པ་ནི་ཁོར་ཡུག་དང་གནས་སྟངས་གང་ཐད་ནས་འོས་འཚམ་ཞིག་ཏུ་མཐོང་དཀའ་ལ། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པ་འདི་འདྲ་ཞིག་ཏུ་གོ་སྲིད་དམ།

སྤྱིར་འཇིག་རྟེན་པའི་ཁ་དཔེ་རུ་མི་འུ་ཐུག་ནས་ལྷ་ལ་དྲིས། ལྷ་འུ་ཐུག་ནས་སྐྱག་རྫུན་ཤོད་ཟེར་བ་ཞིག་གནའ་སྔ་མོ་ནས་བཤད་སྲོལ་ཡོད་ལ། དོན་དམ་པར་ཡེ་ཤེས་ཀྱི་སྤྱན་མངའ་བའི་ཆོས་སྐྱོང་སྲུང་མ་གང་མང་ཡོད་པར་བོད་མི་རིགས་ཀྱི་ངོས་ནས་ཡིད་ཆེས་བྱེད་པ་དང། ཆོས་ཕྱོགས་ནས་བཤད་ན་གནད་དོན་འདི་དག་ལ་ཡིད་ཆེས་སྐྱེ་འོས་པ་དང། བྱང་ཆུབ་སྒྲུབ་པའི་སྡོང་གྲོགས་དང་མཐུན་རྐྱེན་སྒྲུབ་ཀྱི་ཡོད་པ་རིས་མེད་ཀྱི་ཆོས་བརྒྱུད་ཁག་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཞིག་རེད། འོན་ཀྱང་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་གྱི་སྒྲིག་འཛུགས་མཐོ་ཤོས་ཀྱི་ངོས་ནས་བཤད་ན་བྱེད་སྟངས་འདི་ནི་འོས་མཚམ་མིན་པ་དང། ཕྱོགས་གཅིག་ནས་འགན་གཡོག་ས་ཞིག་འཚོལ་ཐབས་བྱས་པ་དང་གཅིག་མཚུངས་སུ་གྱུར་ཡོད། ལྷག་པར་དུ་མི་ཡི་གནད་དོན་མི་ཡིས་བསྒྲུབ་དགོས་པ་ལས་ལྷ་འདྲེ་ལ་སྐྱབས་བཅོལ་བ་ནི་རང་གིས་རང་ལ་མགོ་སྐོར་བཏང་བ་དང་གཅིག་མཚུངས་སུ་གྱུར་ཡོད། དེར་བརྟེན་འཇིག་རྟེན་གྱི་བྱ་བ་དང། ཆོས་ཕྱོགས་ཀྱི་ཆོ་ག་གཉིས་མ་འདྲེས་པ་བྱེད་གལ་ཆེ་སྙམ།

མདོར་ན་ད་ལན་སྲུང་མ་གཉིས་ཀྱིས་བཀའ་ལུང་ཕེབས་པའི་སྙིང་པོ་འོས་བསྡུའི་སྐབས་ཆོལ་ཁའི་འཐེན་ཁྱེར་སོགས་ཀྱིས་ཡག་པོ་མ་བྱུང་ཚུལ་གསུངས་པ་དེ་རེད། དེ་ལྷ་ཡིས་ལུང་མ་བསྟན་ཀྱང་མི་ཡིས་ཤེས་ཐུབ་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང། ཇི་བཞིན་བྱེད་ཐུབ་མིན་ལ་མ་ལྟོས་པར་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཞིན་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་འཐབ་རྩོད་ལ་འབད་དགོས་པ་འདི་ཡང་ཚང་མས་ཤེས་གསལ་དུ་གྱུར་ཡོད། མ་འོངས་པར་གཞུང་ངོས་ནས་ཆོས་སྲིད་གང་ཐད་ནས་ཉ་ཉུང་མཉམ་བསྲེས་རིགས་འདི་དག་སྤངས་དགོས་པ་ཞིག་ཏུ་གྱུར་ཡོད་པ་དང། གནའ་སྔ་མོའི་སྲོལ་རྒྱུན་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་དག་གལ་སྲིད་སྤང་མི་ཐུབ་པའི་དབང་དུ་བཏང་ཡང། དེ་མངོན་གསལ་དོད་པོའི་ཐོག་ནས་ཕྱི་ལོགས་སུ་དྲིལ་བསྒྲགས་རིགས་བྱེད་པ་འདི་ནི་ནོར་འཁྲུལ་ཉག་གཅིག་ཏུ་གྱུར་ཡོད་ལ། སྐུ་རིམ་ཞབས་བརྟན་སྒྲུབ་དགོས་ཁག་ལས་གཞན་རྣམས་གསང་བ་མ་བྱས་ན་ལྷ་སྲུང་ལ་ཡིད་ཆེས་ཆུང་ནས་ཆུང་དུ་འགྲོ་བའི་རྐྱེན་དུ་འགྱུར་ངེས་རེད།།