ཆབ་སྲིད་ངོ་མ་ནི་རང་ཚུགས་མ་ཤོར་བའི་ཕན་ཚུན་བསྟུན་ཤེས་ཀྱི་སྒྱུ་རྩལ་ཞིག་ཡིན།
༄༅།།དཔལ་ལྡན་བཀའ་སྤྱི་གཉིས་ཀྱི་དྲུང་དུ།
ཆེད་འབུལ། གུས་ཕྲན་ལྷ་སྡེ་གནམ་ལོ་ཡག“བཙན་བྱོལ་བོད་གཞུང”གི་མཚན་གནས་ཕྱིར་བསྡུ་མ་གནང་བའི་ཡར་སྔོན་གྱི་རང་ཁོངས་ལས་བྱེད་ཟུར་བ་ཞིག་ཡིན་པའི་སྟབས་ཀྱིས་འཚང་སྙན་འདི་འབུལ་གྱི་ཡོད། མ་གཞི་གུས་པས་རྒྱལ་བ་རིན་པོ་ཆེ་མཆོག་ནི་དོགས་སློང་དང་སྐྱོན་བརྗོད་གང་རུང་ལ་གསན་བསམ་ཐུབ་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ལ། གུས་ཕྲན་སྔར་ཁོང་གི་སྐུ་སྲུང་བའི་གྲལ་དུ་ཞུགས་པའི་བསྐལ་བ་ལྡན་པ་སོགས་ཀྱི་མྱོང་ཐོས་ལ་བརྟེན་ནས་བསྡོམས་ཚིག་དེ་འདྲ་ཞིག་བྱུང་ཡོད། དེ་ལྟ་ནའང་། ད་ལོར་སད་ཀྱི་ཁར་སེར་བའི་དཔེ་ལྟར་ཁོང་གིས་མི་ལོ་དྲུག་ཅུར་ཉེ་བའི་རིང་དུ་ལག་པའི་ནང་དཀར་ཡོལ་བསྐྱོར་བ་བཞིན་ཡོང་བའི་དམངས་གཙོ་འཇིག་ཉེན་ལ་ཐུག་ཡོད་པའི་ཁར། བཀའ་སྤྱི་གསར་བར་དམ་འབུལ་ཞུ་ཡུལ་ཡང་མེད་པར་བཙན་བྱོལ་དམངས་གཙོའམ་མང་གཙོ་མཇུག་བསྡུས་ཏེ་དོན་ལ་འཇིག་ཟིན་ཡོད། དེ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་ཆེན་གཅིག་ནག་བསུབ་བཏང་བ་ཡིན་པས། དོགས་སློང་ངམ་སྐྱོན་བརྗོད་ཙམ་ཞིག་མ་ཡིན་པར་དོན་གྱི་དགོངས་གེགས་སུ་གྱུར་ཡོད། སྒོས་སུ་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་ཡི་ཆེད་དུ་ཤི་ཐུབ་ཀྱི་ཡོད་ཟེར་མཁན་གཅིག་ཀྱང་གྲགས་མེད་འགུལ་མེད་དུ་ལྷག་འདུག་པར་བརྟེན་ནས་གུས་པས་བྱ་མེད་སར་བོང་བུས་ནམ་ཚོད་འཛིན་པའི་དཔེ་ལྟར། དཔལ་ལྡན་བཀའ་སྤྱི་གཉིས་ལ་ཉིན་གཉིས་ནང་དྲ་ཐོག་ཏུ་སྤྱི་འཐུས་ཚོགས་འདུ་འཕར་མ་ཞིག་བསྐོང་ཚོགས་ཀྱིས་བར་བརྒལ་ཁྲིམས་དཔོན་ཞིག་དང་སྤྱི་འཐུས་ཚོགས་གཙོ་གཅིག་འོས་འདེམས་ཡོང་བར་འབོད་བསྐུལ་ཏན་ཏིག་ཞུ་བཞིན་ཡོད་ལ། བཙན་བྱོལ་མང་ཚོགས་ཁྲོད་དུའང་རྒྱབ་བསྐྱོར་ཡོང་བར་ཡིད་ཆེས་ཡོད། རྩ་བའི་ཆ་ནས་ཁྲིམས་ལུགས་ཀྱི་དགོངས་དོན་ནི་གནད་དོན་སེལ་གྱི་དེ་ཡིན་པས། ཡིག་ཐོག་ལ་གསལ་མིན་གང་ལྟར་ནད་པས་སྨན་ཟ་དགོས་པ་ཁྲིམས་ཡིག་ནང་མེད་པ་ལྟར་ཏོག་དབྱིབས་རིམས་ནད་ཛ་དྲག་ཡིན་པའི་སྐབས་འདིར་བཙན་བྱོལ་གསོལ་རས་དམངས་གཙོ་ཡང་འཇིག་ཉེན་ལས་ངེས་པར་དུ་སྐྱོབ་དགོས་ཀྱི་ཡོད། ད་དུང་ཁྲིམས་དཔོན་འདེམས་སྒྲུག་ཚོགས་ཆུང་ལག་ཏུ་ཁྲིམས་དཔོན་འོས་མི་མ་རེག་པ་དེའང་རྣམ་དཔྱོད་ཀྱིས་མ་འདང་བའམ་དོན་དག་ལ་ལག་པ་འཆིང་མ་འདོད་པ་ལས་འོས་མི་མེད་པ་ཞིག་ག་ལ་ཡིན། དཔེར་ན། ཁྲིམས་དཔོན་བསྐྱར་དུ་འདེམས་མ་ཆོག་པའི་ཁྲིམས་མེད་པས། དྭགས་པོ་བསོད་ནམས་ནོར་བུ་ལགས་འོས་མི་གཅིག་ལ་འཇོག་འོས་ལ། དེ་བཞིན་དུ་རྣམ་རྒྱལ་ཚེ་སྐྱིད་ལགས། ཕུར་བུ་རྡོ་རྗེ་ལགས། ཀ་བཙན་བླ་མ་སྐྱབས་ལགས་བཅས་ལ་ཁྲིམས་ལུགས་དང་གཞུང་ལུགས། མང་ཚོགས་རང་བཞིན་གྱི་ཁྱད་ཆོས་ཚང་ཡོད། ཡང་ཅིག་བཤད་ན། བཀའ་སྤྱི་འོས་འདེམས་ཀྱང་མང་མོས་ཡིན་པས། མང་མོས་བརྩི་དགོས་མིན་གྱི་རྩོད་གཞི་ལྷག་མེད་ལ། ལྷག་ཡོད་པའི་དབང་དུ་བཏང་ནའང་མང་མོས་ཀྱིས་ཕབ་ཟིན་པའི་ཁྲིམས་དཔོན་ཞིག་སླར་ཡང་མང་མོས་ཀྱིས་འོས་འདེམས་ཀྱང་བྱེད་ཆོག དྲང་མོར་ཞུས་ན། ཆབ་སྲིད་ངོ་མ་ནི་རང་ཚུགས་མ་ཤོར་བའི་ཕན་ཚུན་བསྟུན་ཤེས་ཀྱི་སྒྱུ་རྩལ་ཞིག་ཡིན། གང་ལྟར་དྲ་ཐོག་ཏུ་སྤྱི་འཐུས་འཚོགས་འདུ་འཕར་མ་བསྡུ་བསྐོང་གནང་ཐུབ་ན་དེ་ལ་དགེ་མཚན་ཆེན་པོ་གསུམ་ཡོད།
༡ རྒྱལ་བ་རིན་པོ་ཆེ་མཆོག་གིས་གནང་བའི་དམངས་གཙོའི་གསོལ་རས་དེ་བཞིན་འཇིག་ཉེན་ལས་སྐྱོབ་ཏེ་ཁོང་གི་མཛད་པ་བསྐལ་བརྒྱར་གནས་པར་གཞོགས་འདེགས་སུ་གྱུར་ཡོད།
༢ རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་ནི་འཁྲབ་སྟོན་ཞིག་ཡིན་པ་བསྒྲགས་ཀྱིན་པར་གཞོགས་འདེགས་སུ་སྲིད་འགན་ཡར་ཕུལ་དགོས་ཀྱི་འདུག་ལབ་མཁན་སྤྱི་དང་སྒོས་སུ་ད་ལོར་པེ་ཅིན་གྱིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ལའང་དགག་ལན་ཆགས་ཡོད།
༣ འཛམ་གླིང་སྒང་དུ་དྲ་ཐོག་གི་མཛད་གཙོའི་བཞུགས་མོལ་ཚོགས་འདུ་རྒྱ་གར་དང་ཨོ་སི་ཁྲི་ལི་ཡ་སོགས་ཀྱིས་སྲོལ་བཏོད་ཡོད་པ་ལྟར་དྲ་ཐོག་གི་སྤྱི་འཐུས་ཚོགས་འདུ་དང་ཡོངས་གྲགས་འོས་འདེམས་དེ་བཞིན་བཙན་བྱོལ་བོད་མིའི་གནང་ཐུབ་པ་ཡིན་ན། དེ་ནི་འཛམ་གླིང་ལ་མིག་དཔེ་གསར་བ་ཞིག་དང་ཐབ་ཆུང་ཆུང་ནང་གི་མེ་ཚ་བོ་ངོ་མ་དེ་ཆགས་ཡོད།
མཐར་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དངོས་སྲུང་སྐྱོབ་བྱེད་ནའང་འདྲ། ལོ་རྒྱུས་ཐོག་འཕྲད་དཀའ་བའི་འཛམ་གླིང་ལ་མིག་དཔེ་སྟོན་པའི་གོ་སྐབས་འདི་འཛིན་ནའང་ཆོག ད་ལྟ་ནི་ཕམ་ཁ་རྒྱལ་ཁར་བསྒྱུར་བའམ། རྒྱལ་ཁ་ཕམ་ཁར་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་དུས་ཚོད་ཅིག་ཡིན་པས། བཀའ་སྤྱི་གཙོ་བྱས་བཙན་བྱོལ་མང་ཚོགས་དང་བཅས་པས་མ་ཐོས་མ་མཐོང་བ་མེད་པ་གནང་རོགས་ཞུ་ཞུ་ཞུ་བཅས། གུས་ཕྲན་གོང་མིང་བས་ཕྱི་ལོ༢༠༢༡ལོའི་ཟླ༥ཚེས༢༣ཉིན་གྱི་མཚན་མོར་ཨོ་སི་ཁྲི་ལི་ཡ་ནུབ་མ་ནས་་བྲེལ་སྟབས་ངང་གུས་ཕུལ།