ཆབ་སྲིད་ཐོག་དོན་ཚན་ལྔ་དང་འཛིན་སྐྱོང་ཐོག་དོན་ཚན་ལྔ་བསྒྲུབ་དགོས་རེད།
ཟླ་འདིའི་ཚེས་༥ ཉིན་དྷ་ས་མེག་གྷན་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་ཁང་དུ། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་ཁོང་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། གཅིག་བོད་མིའི་སྒྲིག་འཛུགས་གནས་རྒྱུ་དང་། གཉིས་གོང་འཕེལ་གཏོང་རྒྱུ། གསུམ། རྒྱུན་གནས་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་གསུང་དོན། “བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་ཆིག་སྒྲིལ་དང་། གསར་བཏོད། རང་ཁ་རང་གསོ་བཅས་མུ་མཐུད་གནས་རྒྱུ་རེད། མ་འོངས་བྱེད་ཕྱོགས་ཐོག་ངས་བོད་དེ་‘ལྔ་’དང་‘ལྔ་བཅུ་’ཟེར་གྱི་ཡོད། སྲིད་སྐྱོང་དང་སྤྱི་འཐུས་ལ་སུ་བཞེངས་ནའང་རེད། ལོ་ལྔའི་དུས་ཡུན་ནང་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དགོངས་དོན་བོད་རྒྱ་ཞི་མོལ་བརྒྱུད། མིང་དོན་མཚུངས་པའི་རང་སྐྱོང་རག་ཐབས་དེ་ང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་གལ་ཆེ་ཤོས་དེ་རེད། བོད་ལ་ཡོད་པའི་བོད་མི་ཚོའི་མངོན་འདོད་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་རེད། ལོ་ལྔ་རིང་ཆབ་སྲིད་ཀྱི་འགན་ཆེ་ཤོས་དེ་ཆགས་ཡོད་རེད། ‘ལྔ་བཅུ་’ཟེར་གྱི་ཡོད་པ་དེ་ལོ་ལྔ་བཅུའི་རིང་བཙན་བྱོལ་ནང་ལྷག་པ་དང་། མ་འོངས་པར་ཡང་གནས་དགོས་བྱུང་ནས་གང་ཐུབ་ཇི་ཐུབ་གནང་ཐུབ་ན། ལོ་ལྔ་དེ་ལ་ཕན་གྱི་རེད། གཅིག བོད་མིའི་སྒྲིག་འཛུགས་གནས་རྒྱུ་དང་། གཉིས་གོང་འཕེལ་གཏོང་རྒྱུ། གསུམ། རྒྱུན་གནས་དགོས་པ་གལ་ཆེན་པོ་རེད། དེ་གསུམ་འགྲུབ་ན་རྒྱལ་ཁ་ཐོབ་ཀྱི་རེད། ལོ་ལྔ་བཅུར་གནས་དགོས་བྱུང་ནའང་། གནས་ཐུབ་ན་རྒྱ་ནག་འགྱུར་བ་འགྲོ་རྒྱུ་ཡིན་པས། ང་ཚོར་རྒྱལ་ཁ་ཐོབ་ངེས་རེད་”ཅེས་གསུངས་སོང་།
དེ་བཞིན་སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་ཆབ་སྲིད་ཐོག་དོན་ཚན་ལྔ་དང་། འཛིན་སྐྱོང་ཐོག་དོན་ཚན་ལྔ་ཡོད་སྐོར་གསུང་སྐབས། ༧གོང་ས་མཆོག་བགྲེས་ཡོལ་གནང་བ་དང་བོད་མིའི་སྒྲིག་འཛུགས་གནས་ཐུབ་ཡོད་པ་དང་། བོད་ཕྱི་གནང་གཉིས་བར་གྱི་འབྲེལ་བ་ཡག་པོ་ཡོད་པ། རྒྱ་གར་གཞུང་མང་གཉིས་དང་། རྒྱལ་སྤྱིའི་ཐོག་འབྲེལ་བ་ཉར་ཐུབ་པ་དང་ཡར་རྒྱས་ཡོད་པ། ༧གོང་ས་མཆོག་བགྲེས་ཡོལ་གནང་ནའང་སྤྱི་ཚོགས་ལྷིང་འཇགས་པོ་བྱུང་ཡོད་པ། གཞི་བརྟན་པོ་ཡོད་ན། མ་འོངས་པར་ལས་སླ་རུ་འགྲོ་རྒྱུ་ཡིན་སྐོར། འཛིན་སྐྱོང་ཐོག་ནས་ཤེས་ཡོན་ཡར་རྒྱས་དགོས་པ་དང་། དཔལ་འབྱོར་ཐོག་ནས་རང་ཁ་རང་གསོ་ཡོང་ཐབས། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་རྒྱུ། གཞིས་ཆགས་སྲ་བརྟན་དང་འཚོ་གནས་སྲ་བརྟན་བཅས་ལ་བོད་ཕྱི་ནང་གཉིས་ནས་ཤུགས་སྣོན་རྒྱག་དགོས་པ། ༧གོང་ས་མཆོག་གི་སྐུ་ཕྱྭ་གལ་ཆེན་བརྩི་རྒྱུ་བཅས་ཡིན་སྐོར་ངོ་སྤྲོད་གནང་སོང་།
བོད་ནང་ནས་༧གོང་ས་མཆོག་བོད་ལ་ཕེབས་དགོས་པའི་འབོད་ཚིག་དེ་བོད་ལ་རང་དབང་ཡོད་པའི་ཐོག་ནས་༧གོང་ས་མཆོག་བོད་ལ་ཕེབས་དགོས་པའི་དོན་ཡིན་དང་། བོད་ལ་ཕེབས་ཐུབ་པ་ཙམ་གྱི་འགྲིག་གི་ཡོད་རེད། བཀའ་ཤག་གི་ངོས་ནས་ངོས་འཛིན་གནང་སྟངས་ག་འདྲ་རེད། ༧གོང་ས་མཆོག་བོད་ལ་ཕེབས་རྒྱུ་དང་བོད་དོན་བདེན་མཐའ་གསལ་རྒྱུ་གཉིས་ངོ་བོ་གཅིག་ལ་ངོས་འཛིན་གནང་གི་ཡོད་དང་། ལོག་ཀར་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་གསར་འགོད་པས་དྲིས་པར། སྲིད་སྐྱོང་བློ་བཟང་སེང་གེས། “བོད་མིའི་རང་དབང་བསྐྱར་གསོ་བྱེད་རྒྱུ་དང་། ༧གོང་ས་མཆོག་བོད་ལ་འདན་འདྲེན་ཞུ་རྒྱུ་ཞེས་མཉམ་དུ་ངས་སྔོན་མ་ནས་ཞུས་བསྡད་ཡོད། ད་ལྟ་ཡིན་ནའང་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཞེས་མཉམ་དུ་ཞུ་ཡི་ཡོད། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་༡༤༠ ལྷག་བྱུང་བ་ཚོའི་འབོད་སྒྲ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མི་ལ་རང་དབང་བསྐྱར་གསོ་དགོས་པ་ཞེས་༧གོང་ས་མཆོག་སྔོན་དང་བོད་མིའི་རང་དབང་རྗེས་བྱས་ནས་མཉམ་དུ་གསུངས་བསྡད་ཡོད་པ་རེད། ང་ཚོས་ཀྱང་མཉམ་དུ་བརྗོད་བསྡད་ཡོད་”ཅེས་སྔོན་མ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་དམིགས་བསལ་སྐུ་ཚབ་ཡོད་པའི་ཐོག་ནས་གནང་གི་ཡོད་པ་དང་། ད་ལྟ་དམིགས་བསལ་སྐུ་ཚབ་མེད་པའི་ཐོག་ནས་གནང་གི་ཡོད་སྐོར་དང་། གཙོ་ཆེ་ཤོས་བོད་རྒྱ་འབྲེལ་མོལ་ཐོག་༧གོང་ས་མཆོག་གིས་དེ་སྔོན་ཐུགས་སྣང་གནང་གི་ཡོད་པ་དང་། ད་ལྟ་ཡང་ཐུགས་སྣང་གནང་གི་ཡོད་པས། འཐུས་ཤོར་སོང་མེད་སྐོར་ངོ་སྤྲོད་གནང་སོང་ལ། བོད་པའི་ངོས་ནས་གྲོས་མོལ་གནང་རྒྱུ་གྲ་སྒྲིག་ཆ་ཚང་ཡོད་པ་དང་། གཙོ་བོ་རྒྱ་ནག་ཕྱོགས་ནས་ཡ་ལན་གནང་དགོས་པ་ལས། ལག་པ་བཅིག་བརྐྱངས་ནས་ལག་པ་གཏོང་རྒྱུ་ཁག་པོ་ཡིན་སྐོར། ང་ཚོའི་ངོས་ནས་གྲ་སྒྲིག་ཆ་ཚང་ཡོད་སྐོར་ངོ་སྤྲོད་གནང་སོང་།
དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་རྒྱ་ནག་ལ་གྲོས་མོལ་ཡོང་ཐབས་དེ་རྒྱ་ནག་གི་ཡ་ལེན་བྱེད་མིན་དང་འགྱུར་བ་འགྲོ་མིན་བསྒུག་འདུག་རྒྱུ་ལས། གཞན་པ་གནང་རྒྱུ་ཡང་ཡོད་པ་མ་རེད་དམ་ཞེས་གསར་འགོད་པས་དྲིས་པར། ཁོང་གིས། “དེ་འདྲ་མ་རེད། གནང་རྒྱུ་མང་པོ་ཡོད་རེད། བོད་མིའི་སྒྲིག་འཛུགས་ཚགས་ཚུད་དུ་གཏོང་རྒྱུ་དང་། སློབ་སྦྱོང་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ། རྒྱལ་སྤྱིའི་ཐོག་འབྲེལ་ལམ་འཛུགས་རྒྱུ། དཔེར་ན་ཉེ་ཆར་ཨ་རིའི་སྲིད་འཛིན་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་དུ་གསར་འགོད་ལྷན་ཚོགས་སྐབས། ཨ་རིའི་སྲིད་འཛིན་གྱིས་བོད་དོན་ཐོག་བཀའ་མོལ་གནང་བ་དང་། ༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་བར་བཀའ་མོལ་གནང་དགོས་ཀྱི་འདུག་ཅེས་གསུངས་པ་དེ་སྲིད་འཛིན་གཉིས་འགྲོ་སྟངས་འགྲོ་ལུགས་ཐོག་ནས་ཚད་མཐོ་ཤོས་དེ་རེད། དེ་ཨ་རིའི་གཞུང་གིས་རྒྱ་ནག་ལ་འབོད་སྐུར་དང་གནོན་ཤུགས་ཟེར་ནའང་རེད། བོད་པ་ལ་རྒྱབ་སྐྱོར་ཚད་མཐོ་ཤོས་དེ་རེད། རྒྱ་ནག་ནང་གི་མི་རིགས་གཞན་པ་གཅིག་ཀྱང་མ་བཤད་པར། བོད་དོན་འབུར་དུ་བཏོན་ནས་བཤད་པ་དེ་བཀའ་ཤག་གི་ཐོག་ནས་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་ཆོག་གི་རེད་བསམ་གྱི་འདུག དེ་བཞིན་རྒྱ་ནག་གི་སྲིད་བློན་ལཱི་ཁེ་ཆང་ཡུ་རོབ་ལ་ཕེབས་སྐབས། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་གཙོས་གསར་འགོད་ལྷན་ཚོགས་ཐོག་༧གོང་ས་མཆོག་དང་བཀའ་མོལ་གནང་དགོས་པ་གསུངས་པ་ཚད་མཐོ་ཤོས་དེ་རེད། དབུ་མའི་ལམ་སྒུག་སྡོད་རྒྱུ་ཞིག་མ་རེད། གཞིས་ཆགས་ཁག་ལ་འགྲོ་དུས། དབུ་མའི་ལམ་གྱི་ཐོག་ག་རེ་གནང་དགོས་པ་རེད་ཟེར་གྱི་འདུག དབུ་མའི་ལམ་གྱི་ཐོག་ལས་འགུལ་སྤེལ་རྒྱུ་ཡོད་པ་དང་། དེ་ཡང་བཀའ་ཤག་གི་ལམ་སྟོན་ཁྲིམས་མཐུན་དང་། ཞི་བ། ཆེ་མཐོང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་རེད། གཙོ་བོ་རྒྱ་ནག་གཞུང་ལ་རག་ལས་ཡོད་པ་དང་། ང་ཚོར་གྲ་སྒྲིག་ཨང་གསར་ཡོད་པ་དང་འབད་བརྩོན་ཞུ་དང་ཞུས་མུས་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།