ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་གློད་གྲོལ།
བྲག་མགོ་རྫོང་གཙང་སྟོད་ཡུལ་ཚོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་རྒྱ་ནག་གིས་མི་ལོ་དགུ་རིང་བཙོན་འཇུག་གི་རྗེས་སུ་བཙོན་གྲོལ་བྱུང་ཡང་། བཙོན་ཁང་གི་མནར་གཅོད་ལ་བརྟེན་ནས་ཁོང་གི་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
ཕྱི་ཟླ་༣ ཚེས་༢ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་ཟླ་སྔོན་མའི་ཚེས་༢༥ ཉིན་བཙོན་གྲོལ་བྱུང་ནས་ཁོང་གི་ཁྱིམ་དུ་འབྱོར་ན་ཡང་། ཁོང་གིས་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
གངས་བུ་རིག་རྒྱས་ཉི་མ་ནི། སྤྱི་ལོ་༢༠༡༢ ལོའི་ལོ་གསར་སྐབས་ཁམས་བྲག་མགོ་དང་གསེར་རྟ་ཕྱོགས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པའི་གྲས་ཀྱི་གཅིག་ཡིན་པ་དང་། སྐབས་དེར་ཁོང་ལ་མི་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཚོད་ཡོད་ཀྱང་། ཉེ་ཆར་སྤྱི་ཟླ་༢ ཚེས་༢༥ ཉིན་མི་ལོ་དགུ་ཡི་རྗེས་བཙོན་གྲོལ་བཏང་ཡོད། ཡིན་ན་ཡང་རྒྱ་ནག་གི་ཉེན་རྟོག་པས་ཐོ་འགོད་ཀྱི་འགྲོ་ལུགས་ཁག་གཉེར་རྗེས་ཐད་ཀར་ཁོང་གི་རང་ཁྱིམ་དུ་སྐྱེལ་ནས། ནང་མི་ཉེ་འབྲེལ་ཚོར་བསུ་བ་སོགས་བྱེད་མི་ཆོག་པའི་བཀོད་ཁྱབ་སྔོན་ཚུད་ནས་བཏང་ཡོད་པ་དང་། ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག
དེ་ཡིས་མ་ཚད། གངས་བུ་རིག་རྒྱས་ཉི་མ་བཙོན་ཁང་དུ་ཡོད་སྐབས། ཁོ་རང་དང་བཙོན་གྲོགས་གཞན་པ་ཚོར་ཉེན་རྟོག་པ་དང་བཙོན་སྲུང་བ་ཚོས་མནར་གཅོད་བཏང་བར་བརྟེན་དེར་ངོ་རྒོལ་ལན་མང་བྱས་པའི་རྐྱེན་གྱིས། ཐེངས་དུ་མར་ནག་བཙོན་ཏུ་ཡུན་རིང་བཅུག་པའི་རྐྱེན་གྱིས་ད་ལྟ་མིག་གིས་གསལ་པོ་མི་མཐོང་བ་དང་། མགོ་ན་བ། སེམས་ཁམས་མི་བདེ་བར་གྱུར་བ། དེ་བཞིན་གློ་བ་དང་། སྒལ་ཚིགས་སོགས་ནད་པར་གྱུར་ནས་མདོར་ན་ལུས་སེམས་གཉིས་ལ་རྒྱུན་ལྡན་མིན་པའི་ནད་གཞི་མང་པོ་ཕོག་ཡོད་པ་ཡང་ཕོག་ཡོད་འདུག
ལོ་ ༣༠ ཙམ་སོན་པའི་ཆབ་སྲིད་བཙོན་པ་ཁོང་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་སྐབས་ཁྱིམ་མི་ནང་ཁུལ་ལ་བཤད་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་པ་ཞིག་དེ་གའི་རླུང་འཕྲིན་ཁང་དུ་འབྱོར་ཡོད་པའི་ནང་། འདིར་ཕེབས་པའི་ཤ་ཉེ་རིང་རྣམས་དང་། རིགས་དང་ཚོར་བ། འདུ་ཤེས་དང་ལས་དབང་གཅིག་པའི་སྤུན་གྲོགས་རྣམ་པ། ཁྱེད་ཅག་ཡུན་རིང་བོར་སེམས་ཁུར་དང་འོ་བརྒྱལ་ལ་གཏད་སོང་། ང་རིག་རྒྱས་ཉི་མ་དེ་རིང་བཙོན་གྲོལ་བྱུང་བ་དང་སླར་ཕ་ཡུལ་གངས་ལྗོངས་ཀྱི་པང་ཁུག་འདི་ནས་ཁྱེད་ཅག་དང་མཇལ་ཐུབ་པའི་བསྐལ་བ་བྱུང་བར་སེམས་གཏིང་ནས་དགའ་བཞིན་ཡོད་བཀའ་དྲིན་ཆེ། མ་གཞི་ང་ཡིན་ན། རང་དབང་དང་འདྲ་མཉམ། བདེན་པ་དང་ཐོབ་ཐང་རྩོད་ས་ནས། རྒྱ་ནག་པོས་མ་ཉེས་ཁ་གཡོག་གིས་ཉེས་མེད་ཉེས་འགེལ་བྱས་ཏེ་མི་ལོ་བཅུའི་རིང་ལ་མི་ལུས་ཀྱི་རང་དབང་ཡོད་ཚད་འཕྲོག་ཏེ་མནར་གཅོད་ཚད་མེད་མྱངས་བ་ནི་ཤི་ཡང་བརྗེད་དུ་མེད་པས་ན་ཟུག་དྲག་པོ་ཞིག་ཏུ་གྱུར་ཡོད། མནར་གཅོད་ཀྱི་མི་ལོ་དགུ་ཡང་ཐུང་ཐུང་ཞིག་ག་ལ་ཡིན། ང་དེ་རིང་སྔོན་མའི་ན་གཞོན་དེ་ཡང་མིན་ལ་ངའི་དྲན་པ་ཡང་དེ་འདྲའི་གསལ་བོ་ཞིག་མ་རེད་དེ། ངས་ཁྱེད་ཚོར་ཞུ་ཆོག་ཆོག་ཅིག་ལ་ང་རང་སྔར་བཞིན་འགན་ཁུར་ཡོད་པའི་བོད་མི་ཞིག་ཡིན་པ་གཏན་ནས་བརྗེད་མེད། ད་རུང་མ་ཤི་དམྱར་བར་ལན་མང་འཁྱམས་དགོས་ཀྱང་། གཏན་ནས་བརྗེད་ཀྱང་མི་སྲིད་ལ། ཁྱེད་ཚོས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་དུས་ནམ་ཡང་སེམས་ནས་བོར་མི་ཉན། རང་རང་གི་དཔའ་སྤོབས་མ་ཞུམ། ནང་ཁུལ་ལ་མཐུན་སྒྲིལ་བྱོས། ལྷག་ཏུ་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སློབ་སྦྱོང་བྱོས། ང་ཚོ་ཚང་མ་རྨོངས་གཉིད་ལས་སད་དགོས། མནར་གཅོད་ལས་གྲོལ་དགོས། སྐད་ཆ་འདི་དག་ནི་ང་དེ་རིང་གསོན་པོ་ཡིན་པའི་རྟགས་དང་། ཡུན་རིང་ཡིད་ལ་བཅངས་པའི་སེམས་གཏམ་དམར་དམར་ཡིན་པས་ཚང་མས་ཐུགས་ལ་འཛིན་པར་ཞུ་ཞེས་བརྗོད་ཡོད་འདུག
རྒྱ་ནག་གཞུང་གིས་བཙོན་སྲུང་ཉེན་རྟོག་པ་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་བཙོན་པ་ཚོར་ཚད་ལས་འདས་པའི་རྒྱག་རྡུང་དང་། མནར་གཅོད་གཏོང་དུ་འཇུག་གི་ཡོད་སྟབས། ཆབ་སྲིད་བཙོན་པ་རྣམས་བཙོན་གྲོལ་ཐོབ་དུས་དབང་པོ་སྐྱོན་ཅན་དུ་འགྱུར་བའམ། འདས་གྲོངས་སུ་འགྲོ་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།