ཆབ་སྲིད་བཙོན་པ་བླ་བྲང་འཇིགས་མེད་རྒྱ་མཚོ་སྨན་ཁང་དུ་ཁྲིད་ཡོད་འདུག
བོད་མདོ་སྨད་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་འཇིགས་མེད་མགོ་རིལ་ལ་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་བརྒྱུད་མ་བཅུག་པར་ལོ་ལྔའི་ཁྲིམས་ཆད་བཏང་ཡོད་པ་དང་། ད་ལྟ་ཁོང་སྨན་ཁང་དུ་ཁྲིད་ཡོད་པའི་གནས་ཚུལ་འདུག
ཁོང་གི་འབྲེལ་ཡོད་དགེ་འདུན་ཕུན་ཚོགས་ཀྱིས་ཟླ་འདིའི་ཚེས་༣ ཉིན་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བླ་བྲང་འཇིགས་མེད་རྒྱ་མཚོ་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བཤམས་ཡོད་པའི་ཉེས་མིང་འོག་ཁྲིམས་ཆད་བཏང་རྗེས་ཟླ་རེ་ལ་ཐེངས་རེར་ནང་མི་ཐུག་འཕྲད་དུ་འགྲོ་ཆོག་ནའང་། ཐུག་འཕྲད་སྐབས་ཟ་མ་བསྐྱལ་འཇུག་གི་མེད་པ་མ་ཟད། ཁ་པར་བརྒྱུད་སྐར་ཆ་ཉི་ཤུ་རེ་མ་གཏོགས་སྐད་ཆའང་བཤད་འཇུག་གི་མེད་འདུག ༢༠༡༦ ཕྱི་ཟླ་༡ པོའི་ཚེས་༢༥ ཉིན་ནང་མི་ཐུག་འཕྲད་རྗེས་ཐུག་བཅུག་མེད་པ་རེད།
༢༠༡༦ ལོའི་ཕྱི་ཟླ་༣ ཟླ་མགོར་རྒྱ་ནག་གི་ཁྲིམས་ཁང་མི་སྣས་འཇིགས་མེད་ད་ལྟ་སྨན་ཁང་ནང་(དེ་ནི兰州大厦平监狱医院 ཞེས་པ་བཙོན་པའི་སྨན་ཁང་དེ་ཡིན་པ་རེད།) ཁྲིད་ཡོད་པའི་གནས་ཚུལ་ཞིག་ནང་མི་ལ་ཁ་པར་བརྒྱུད་ནས་བརྡ་འབྱོར་ཡོད་པ་དང་། ནང་མིས་ཁོང་ལ་ན་ཚ་ཅི་ཡོད་དྲིས་པ་ན། གནས་སྟངས་ཛ་དྲག་མིན་པས་སེམས་ཁྲལ་མི་དགོས་ཚུལ་བཤད་འདུག ཡིན་ནའང་། ཕྱི་ཟླ་དང་པོའི་ཟླ་མཇུག་ལ་ནང་མི་ཐུག་འཕྲད་སྐབས་འཇིགས་མེད་རང་གིས། ང་སྨན་ཁང་ལ་ཁྲིད་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག་པས་དེ་ལ་དོ་སྣང་གྱིས་ཞེས་དངོས་སུ་གསུངས་འདུག་པ་དང་། དེ་དུས་ན་ཚ་འདི་ཡོད་ཟེར་བ་བཤད་རྒྱུ་མེད་པས་ནང་མི་ཚོས་ཁོང་བཙོན་གྲོལ་ཐོབ་ལ་ཉེ་བའི་སྐབས་འདིར་སྨན་ཁང་ལ་ཁྲིད་པར་བློ་དོགས་དང་སེམས་འཁྲལ་འཕར་མ་བྱེད་ཀྱི་འདུག
སྤྱིར་བཏང་ངལ་རྩོལ་བའི་ལས་ཀའི་སྐར་མ་བསགས་ནས་བཙོན་འཇུག་གི་དུས་ཡུན་ཉུང་འཕྲི་བྱེད་ལུགས་ཤིག་ཡོད་པ་ལྟར། ལག་ལེན་དགོས་ལུགས་འཇིགས་མེད་ཀྱིས་ཁྲིམས་ཁང་མི་སྣར་ཞུས་ཀྱང་དེ་ལ་ཉན་འཇོག་བྱས་མི་འདུག གལ་སྲིད་དེ་ལག་ལེན་བྱས་ཚེ་༢༠༡༦ ཕྱི་ཟླ་༢ པའི་ནང་བཙོན་གྲོལ་དང་། དེ་ལྟར་མ་བྱུང་ནའང་ཁོང་༢༠༡༡ ལོར་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་པས། ཕྱི་ལོ༢༠༡༦ ཕྱི་ཟླ་༩ ནང་ལོ་ལྔའི་ཁྲིམས་ཆད་ཀྱི་དུས་ཡུན་ཡོངས་སུ་རྫོགས་འགྲོ་གི་ཡོད་པ་རེད།
འཇིགས་མེད་ཁོང་༢༠༡༡/༨/༢༠ ཉིན་འཛིན་བཟུང་བྱས་པ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཆད་མ་བཅད་པར་སྨན་ཁང་སོགས་སུ་གསང་བའི་སྒོ་ནས་བཀག་སྡོམ་བྱས་པ་དང་། ༢༠༡༤ ཕྱི་ཟླ་བརྒྱད་པའི་ནང་དངོས་སུ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ནི་ཁོང་བཙོན་འཇུག་བྱེད་ཐེངས་བཞི་བ་དེ་ཡིན།།
གསར་འགོད་པ་ཆོས་ཉིད་འོད་ཟེར།