ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་གློད་གྲོལ།
བོད་ནས་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ་རྒྱ་ནག་གཞུང་གིས་གློད་གྲོལ་བཏང་ཡོད་འདུག
ཁོང་ནི་ད་ལོ་དགུང་ལོ་༥༥ དང། ཕ་ཡུལ་ནག་ཆུ་ཁུལ་སོག་རྫོང་ནས་ཡིན་པ་དང་། དེ་སྔོན་བཙོན་ཁང་དུ་ལོ་ངོ་ཉི་ཤུ་ལྷག་ཙམ་ལ་བཙོན་འཇུགས་བྱས་ཡོད་པ་དང་། སྐབས་དེར་ཆབ་སྲིད་ཀྱི་ལས་འགུལ་གང་མང་ཡང་སྤེལ་མྱོང་ཡོད་འདུག ཕྱི་ལོ་༢༠༡༣ ཟླ་༥ ཚེས༢ ལ་གློད་དཀྲོལ་བྱས་ནས་ལོ་བཞི་ལ་སྤྱི་ཚོགས་ནང་དོ་དམ་འོག་བཞག་ཡོད་པ་དང་། ཁོང་གིས་མི་སུ་འདྲ་ཞིག་ལ་ཐུག་ཀྱང་ཐེ་ཚོམ་གང་ཡང་མེད་པའི་བཀའ་མོལ་ཞིག་གསུང་རྒྱུ་ཡོད་པ་ནི། ཕྱི་ལོ་༡༠༡༧ ཟླ་༥ ཚེས་༢ ཉིན་ང་ལ་ཆབ་སྲིད་དབང་ཚད་མི་གཞན་པ་ནང་བཞིན་སླེབ་དུས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བདེའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། འཛམ་གླིང་ཞི་བདེའི་དེ་དཔོན་༧གོང་ས་མཆོག་ཡིན་པས་ཁོང་ཉིད་གདན་ས་ལ་མྱུར་དུ་ཕེབས་དགོས་པ་དང་། རྒྱ་ནག་གཙོ་བོ་བྱས་པའི་འཛམ་གླིང་རྒྱལ་ཁབ་ཚང་མའི་སྐམ་མཚོ་མཁའ་གསུམ་གྱི་དམག་མི་ཐམས་ཅད་མེད་པ་བྱེད་དགོས་པ། བོད་ཡུལ་འདི་ཉིད་མིང་དོན་མཚུངས་པའི་འཛམ་གླིང་ཞི་བདེའི་ལྟེ་གནས་གཙོ་བོ་ཞིག་ཆགས་དགོས་པ་བཅས་ཀྱི་ཆེད་ངས་ཞི་བདེའི་ལས་འགུལ་དང་འབོད་སྒྲ་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཞིག་བྱེད་རྒྱུ་ཡིན་ལ་དེ་ནི་བཙོན་ནས་གློད་གྲོལ་ཐོབ་མཁན་ཚོ་ལའང་བཤད་ཡོད་གསུང་གི་ཡོད་པ་རེད།
ཉེ་ཆར་བོད་ལྗོངས་ནག་ཆུ་ས་ཁུལ་ཤར་ཕྱོཊ་རྫོང་ཁག་གཅིག་ལ་རྒྱལ་སྤྱི་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་མི་མཐུན་པའི་དྲག་རྩུབ་ཀྱི་ལས་འགུལ་ངན་པ་ཞིག་སྤེལ་བཞིན་པ་དེ་ལ་ཁོང་གིས་མ་འགྲིག་པའི་གནས་ཚུལ་དེ་དག་སྲིད་གཞུང་གི་མི་སྣ་ཆེ་བ་ཚོ་ལའང་ལབ་ཡོད་པ་དང་། བོད་པ་ཚོས་སྔོན་མ་ནས་མེད་པ་བྱས་ཚར་བའི་གཅན་གཟན་པགས་རིགས་དག་ཀྱང་དེང་སྐབས་སླར་ཡང་མགོ་བ་ཚོས་གོན་དགོས་པ་དང་ཉོ་དགོས་པ་སོཊ་ཀྱི་བཙན་ཤེད་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་རྫོང་ཁག་ཁ་ཤས་ནང་དམིགས་བསལ་གདུག་རྩུབ་ཅན་དང་ནོར་འཁྲུལ་ཅན་གྱི་ཆབ་སྲིད་ལས་འགུལ་ལ་མ་འགྲིག་པས་ལྟ་སྟངས་བཤད་ཡོད་པར་བརྟེན། ཁོང་ཉིད་༢༠༡༦ ཟླ་༥ ཚེས་༡༤ ལ་ཕ་ཡུལ་ནས་ཆེད་དུ་འཛིན་བཟུང་བྱས་ཏེ་འབྲི་རུ་རྫོང་ཙམ་མདའ་བཙོན་ཁང་དུ་ཁྲིད་ཡོད་འདུག ཙམ་མདའ་བཙོན་ཁང་ནི་ཕྱི་ལོག་ལ་ཁྲིམས་ལུགས་སྦྱོང་བརྡར་བྱེད་ས་ཟེར་ནས། དོན་དངོས་མི་རྣམས་ལ་མནར་གཅོད་གཏོང་ས་གཤིན་རྗེའི་ཁྲིམས་ར་ལྟ་བུ་ཞིག་ཡིན་པ་རེད། དེར་སླེབས་པའི་བཙོན་པ་རྣམས་ནི་ཉེས་རྡུང་ཚད་མེད་མྱོང་བཞིན་ཡོད་པ་དང། ཐ་ན་མཛུབ་མོའི་རྩེ་རེ་ལ་སོ་ཁབ་སྙུག་མས་ཁབ་ཚག་བྱས་པ་སོགས་ཚད་ལས་འདས་པས་རྡུང་རྡེག་མྱོང་ཞིང་ཡོད་པ་རེད།
རྩམ་པ་དང་གྲོ་ཕྱེ་འདྲེས་མ་ཉིན་རེ་ལ་ཐུར་མ་གསུམ་རེ་ཟ་དགོས་པ་དང་། དེས་ཁོག་པ་སྦོས་པ་དང་ན་བ་སོགས་དེར་ཡོད་པའི་མི་རྣམས་ལུས་པོ་བདེ་ཐང་མེད་ལ། གལ་སྲིད་ཙམ་མདའ་ནས་མར་གློད་གྲོལ་བཏང་ན་རྩམ་པའི་རིན་པ་ཟླ་བ་གཅིག་ལ་རྒྱ་སྒོར་༡༢༠༠ ཡར་ལེན་གྱི་ཡོད་པ་དང་། བཙོན་པ་ཚང་མ་སྐྱིད་པོ་ཡོད་པ་དང་ཁྲིམས་ལུགས་ཤེས་པ་སོགས་ཀྱི་ངོས་འཛིན་དགོས་པས་བཙན་བཀའ་ཡང་བཏང་བ་སོགས་ས་གནས་དེའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྐོར་སོགས་བརྗོད་སོང་།
ཆབ་སྲིད་བཙོན་པ་བློས་གྲོས་རྒྱ་མཚོ་༢༠༡༦ ཟླ་༧ ཚེས་༡༩ ཉིན་རྒྱ་གཞུང་གིས་གློད་གྲོལ་བཏང་ནས། ཕ་ཡུལ་དུ་སླེབས་ཡོད་རུང་གཟུགས་པོ་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།