ཆབ་སྲིད་བཙོན་པ་རྒྱ་ཡེ་ཤེས་ཕུན་ཚོགས་སྐུ་གྲོངས་པ།

བོད་ཀྱི་ཆབ་སྲིད་བཙོན་པ་རྒྱ་ཡེ་ཕུན་ཚོགས་ལ་རྒྱ་ནག་གིས་ཡུན་རིང་བཙོན་འཇུག་མནར་གཅོད་ཚད་མེད་བཏང་རྐྱེན་རང་ཤག་ནས་སྐུ་གྲོངས་ཡོད་འདུག

དེ་ཡང་ཁོང་དང་གྲོང་ཚོ་གཅིག་ཡིན་པ་དྷ་སར་གནས་སྡོད་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་༣ ཚེས་༢༡ གི་མཚན་མོ་ཁོང་གྲོངས་ཡོད་འདུག ད་ལྟ་དགུང་ལོ་ ༨༥ ཡིན་པ་རེད། ཁོང་ནི་བོད་བསྟན་པ་ཆབ་སྲིད་ཐད་མཛད་རྗེས་བླ་མེད་འཇོག་མྱོང་མཁན་ཞིག་ཀྱང་ཡིན་སྐོར་བརྗོད་འདུག ཁོང་སྔོན་ཆད་རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་ཁོང་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་བླངས་རྗེས། ཕྱིར་བོད་ལ་ལོགས་ནས་མཚོ་སྔོན་པོ་མཚོ་སྙིང་དུ་ལྷ་ཁང་ཞིག་བཞེངས་གྲུབ་ནས་ལོ་གཅིག་གི་རྗེས་སུ། དེ་སྔོན་༧གོང་ས་མཆོག་གིས་ཁོང་ལ་གནང་བའི་བཀའ་ཡིག་དང། རྒྱ་གར་ནས་ཁྱེར་ཡོང་བའི་དཔེ་ཆ་འགའ་བཅས་ས་གནས་ཉེན་རྟོག་པའི་ལག་ཏུ་ཤོར་བའི་རྐྱེན། ཁོང་འཛིན་བཟུང་བཙོན་འཇུག་དང་གཅར་རྡུང་བྱས་ནས་པུས་མོ་སོགས་ནད་པ་བཟོས་ཏེ་ཡར་ལངས་མི་ཐུབ་པར་བཟོས་ཡོད་སྟབས། ད་བར་ཧ་ལམ་ལོ་ངོ་བཅུ་ཕྲག་ཅིག་རིང་ནད་པ་ཆགས་ཡོད་པ་དང། བདུན་ཕྲག་གཉིས་ཀྱི་སྔོན་ལ་ཁོང་མཚོ་སྔོན་ཆབ་ཆ་བོད་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཕྱིན་ཡང། སྨན་པས་དྲག་སྐྱེད་ཡོང་ཐབས་མེད་ལུགས་བཤད་ནས་ཕྱིར་རང་ཁྱིམ་དུ་ལོགས་དགོས་བྱུང་འདུག། ཕྱི་ལོ་༡༩༨༠ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་ཧུའུ་ཡོ་པང་མཚོ་ལྷོ་ཁུལ་དུ་གཟིགས་སྐོར་སྐབས་སུ། ཁོང་གིས་ས་གནས་བོད་རིགས་མི་མང་གི་དཀའ་སྡུག་སོགས་དངོས་ཡོད་གནས་ཚུལ་སྙན་སེང་ཞུས་ཡོད་འདུག ༡༩༩༢ ལོའི་ཕྱི་ཟླ་ ༣ པར་རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༨ པར་ས་གནས་ཉེན་རྟོག་དཔོན་རིགས་ཚོའི་བཀའ་ཁྱབ་འོག་ཁོང་འཛིན་བཟུང་བཙོན་ཇུས་བྱས་ཡོད་པ་དང། ཁོང་འཛིན་བཟུང་བྱེད་སྐབས་དགུང་ལོ་༦༨ ཡིན་འདུག མ་ཟད་ཕྱི་ལོ་ ༡༩༦༠ ལོར་རིག་གནས་གསར་བརྗེ་སྐབས་ངལ་རྩོལ་སྒྱུར་བཀོད་ལས་འགུལ་ཁྲོད་ཁོང་ལ་འཐབ་རྩོད་ཀྱིས་སྡུག་སྦྱོང་སུན་གཙེར་ཐེབས་ཡོད་འདུག།

གསར་འགོད་པ་ངག་དབང་ཐར་པ།