གྲྭ་འཇམ་དབྱངས་སྦྱིན་པས་ཧྥ་རན་སིའི་བརྙན་འཕྲིན་ཁག་ཏུ་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་གླེང་སློང་གནང་འདུག
དེ་སྔ་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་དུ་སླེབ་སྐབས། རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་པ་གྲྭ་འཇམ་དབྱངས་སྦྱིན་པས་ཧྥ་རན་སིའི་བརྙན་འཕྲིན་ཁང་སོགས་ཀྱི་བཅར་འདྲི་དང་ལེན་གནང་ནས། བོད་ནང་གི་གནས་སྟངས་སོགས་གླེང་སློང་བྱང་ཡོད་འདུག

ཉེ་ཆར་དུ་ཕྱི་ལོ་༢༠༠༨ ལོར་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་སླེབ་སྐབས། རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་པ་གྲྭ་འཇམ་དབྱངས་སྦྱིན་པས་ཧྥ་རན་སིའི་རླུང་འཕྲིན་ཁང་ཨང་དང་པོ་༼France Inter༽ ཞེས་པ་དང་། ཧྥ་རན་སིའི་གཞུང་གཉེར་བརྙན་འཕྲིན་ཁང་གྲགས་ཅན་༼France 24 ༽ ཞེས་པའི་ནང་བཅར་འདྲི་དང་ལེན་གྱིས་བོད་དོན་གླེང་སློང་བྱས་ཡོད་འདུག
བཅར་འདྲི་དེ་དང་འབྲེལ། བོད་ཀྱི་གསར་འགོད་མཐུན་ཚོགས་བརྒྱུད་འདི་གའི་གསར་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་གསལ། ཁོང་གིས་བཅར་འདྲི་བྱེད་མཁན་གྱི་མི་སྣ་དག་དང་ཐུག་འཕྲད་སྐབས་སུ། གདུག་རྩུབ་ཆེ་ཞིང་། སྐྱུག་བྲོ་བའི་རྒྱ་གཞུང་གི་བྱ་སྤྱོད་ལ་ཡིད་གཏན་ནས་མ་རངས་པར། ཉེན་ཁའི་ཁྲོད་ལྐོག་ནས་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་འཚེམ་དྲུབ་ཀྱིས་མཐར་བློས་ཐུབ་གྲོགས་པོ་འགའ་དང་ལྷན་དུ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་སྣེ་ཁྲིད་བྱས་པའི་སྐོར་གྱི་སྔ་ཕྱིའི་གནས་སྟངས་དང་། དཀའ་ངལ་ཅི་བྱུང་གི་སྐོར། ཁོང་གི་སྤུན་མཆེད་སངས་རྒྱས་བཀྲ་ཤིས་དང་། ཨ་ནེ་བཀྲ་ཤིས་སྐྱིད་གཉིས་ཀྱིས་བོད་བསྟན་སྲིད་ཆེད། རང་ལུས་མེར་སྲེག་གནང་བས་གཙོས་བོད་ནང་གཅིག་པུར་བོད་མི་༡༥༧ གྱིས་འཚེ་མེད་ཞི་བའི་སྒོ་ནས་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་འདི་ནི་འཛམ་གླིང་འདིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནས་ཚུལ་ཤིན་ཏུ་ནས་དམིགས་བསལ་བ་ཞིག་ཆགས་ཡོད་པར་བརྟེན། རྒྱ་གཞུང་གི་གཉའ་གནོན་གྱི་ཟབ་ཚད་མཚོན་གྱི་ཡོད་སྐོར་དང་། བོད་མི་ས་ཡ་དྲུག་ཙམ་གྱི་ནང་། མི་གྲངས་འདི་ཙམ་བྱུང་བ་དེ་ནི་རྒྱ་རིགས་ཆེན་པོའི་གྲངས་ཀ་ལ་དཔགས་ན་རྒྱ་མི་ཁྲི་ཚོ་ཁ་ཤས་ཀྱིས་མེར་སྲེག་བཏང་བ་དང་གཅིག་པ་ཆགས་ཀྱི་ཡོད་པ་ཤེས་སམ་ཞེས་དང་། དེ་བཞིན་གོ་མཚོན་གྱིས་འཛམ་གླིང་ལ་སྡིགས་ར་སྐུལ་བཞིན་པའི་དུས་སྐབས་འདིར། བོད་མི་ཚོས་ད་དུང་ཡང་འཚེ་མེད་ཞི་བའི་སྒོ་ནས་བློས་གཏོང་མི་ཟད་པ་བྱས་པ་འདིར་སྣང་མེད་བསྐྱུར་འཇོག་མི་བྱེད་པར།
རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་ང་ཚོར་བདེན་པའི་རྒྱབ་ལངས་དང་དཔང་པོ་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། ད་བར་རང་ལུས་མེར་སྲེག་གི་གནས་སྟངས་ཐད་རྒྱལ་སྤྱིའི་སྟེང་ང་ཚོར་ངོ་སོ་དང་། ངོས་འཛིན་ཙམ་ཡང་རག་མེད་པ་འདི་ནི་ཤིན་ཏུ་ཐབས་སྐྱོ་དགོས་པ་ཞིག་ཆགས་ཡོད་པ། འདི་ལྟར་རྒྱ་གཞུང་ལྟ་བུ་ངན་པ་ལང་ཤོར་ལ་བཏང་སྟེ། འཛམ་གླིང་སྟེང་འཚེ་མེད་ཞི་བའི་སྒོ་ནས་དཀའ་ངལ་ཁག་སེལ་ཐབས་བྱེད་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་མ་གནང་བར་རྩ་མེད་དུ་ཕྱིན་ཚེ། དེའི་འགན་ཁུར་ནི་རྒྱལ་ཁབ་ཚང་མར་ཡོད་པའི་སྐོར་སོགས་དང་།
གཞན་ཡང་ཕྱི་ལོ་༢༠༠༨ གྱི་རྗེས་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མངོན་གསལ་གྱིས་བཏང་སྟེ། ད་ལྟ་བོད་ཀྱི་ཆོས་རིག་གི་རྩ་བ་དགོན་སྡེ་ཁག་ལ་བཅོས་སྒྱུར་དང་། གྲྭ་རྒྱུན་གྱི་ཡོང་ཁུངས་སྟངས་འཛིན་དང་བཀག་སྡོམ། བྱིས་པ་རྣམས་ཆུང་དུས་ནས་བཅའ་སྡོད་སློབ་གྲྭར་བསྐྱལ་ཏེ། བོད་མི་རིགས་འཆི་ལམ་དུ་རྫོང་བའི་རྒྱ་བསྒྱུར་སྲིད་ཇུས་སོགས་མགྱོགས་ནས་མྱུར་དུ་སྤེལ་བཞིན་ཡོད་པ།
མཐའ་ན་ཡོངས་གྲགས་བོད་༼Tibet༽ ཅེས་པའི་མིང་ཡང་འཇིག་རྟེན་འདིའི་སྟེང་། གསོན་པོར་གནས་པར་རྒྱ་གཞུང་གིས་བསམ་ཤེས་བྱ་ཐུབ་ཀྱི་མེད། རྒྱ་གཞུང་གི་གུ་དོག་པའི་བསམ་བློ་དང་ཁྱབ་བསྒྲགས་རྫུན་མའི་འོག་འཚར་ལོངས་བྱུང་བའི་རྒྱ་རིགས་ཤེས་ཡོན་པ་དང་མི་དམངས་ཙམ་དུ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་ལ་བདེན་ཁ་སྤྲོད་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་པའི་སྐོར་སོགས་གཙོ་འདོན་གནང་འདུག
དེ་བཞིན་བཅར་འདྲི་བྱེད་མཁན་ཚོས་དྲི་བ་གཙོ་བོ་མ་འོངས་པའི་༧རྒྱལ་བའི་ཡང་སྲིད་སྐོར་ལ་ལྟ་སྟངས་དང་། རྒྱ་གཞུང་ལ་གདོང་ལེན་ཇི་ལྟར་བྱ་སྟངས་སྐོར་བྲིས་ཡོད་འདུག་པ་དང་། དེའི་ཐད་ཁོང་གིས་༧རྒྱལ་བ་དོན་གྱི་བདག་པོའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་གཞིར་བཞག་གི་ཐོག་འགྲོ་དགོས་ཚུལ་སོགས་དང་། རྒྱ་གཞུང་ལ་དེའི་ཐོག་ཐོབ་ཐང་གང་ཡང་མེད་པས་ཁོང་ཚོའི་ཧམ་བཤད་ལ་ང་ཚོ་ཐུན་མོང་གིས་ཁ་གཏད་གཅོག་དགོས་པ་གལ་ཆེ་ཚུལ་སོགས་ལན་འདེབས་གནང་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།