ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་གྲོངས་ཕྱིན་འདུག 

དེ་ཡང་བཙན་བྱོལ་བོད་མིའི་གསར་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༡༡ པའི་ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡས་མས་སུ། བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ནད་མནར་རྐྱེན་གྱིས་སྐུ་གྲོངས་ཡོད་འདུག 

ཁོང་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཏེ། ཕྱིས་སུ་ཁྲིན་ཏུའུ་སོགས་སུ་ཕྱིན་ནས་སྨན་པར་བསྟེན་གཏུག་བྱས་ཡོད་ཀྱང་ཕན་ཐོགས་བྱུང་མེད་འདུག

དགེ་བཤེས་བསྟན་དགའ་ལགས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཀྱང་། དགོན་པར་ཕེབས་མི་ཆོག་པ་དང་། འགྲོ་འདུག་ལའང་རང་དབང་མེད་པའི་རྐྱེན་གྱིས་སྐབས་དེར་ཚད་ལྡན་སྨན་པར་བསྟེན་གཏུག་བྱེད་ཐུབ་མེད་པ་དང་། འདས་ལོར་རྒྱ་ནག་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ཏུ་ཕྱིན་སྐབས། སྨན་པས་ཁོང་གི་གློ་བའི་ནང་ནག་པོ་ཞིག་ཡོད་སྐོར་དང་། དེར་གཟབ་གཟབ་མ་བྱས་ཚེ་མགོའི་ནང་དུ་ཕྱིན་ན་གནས་སྟངས་ཛ་དྲག་པོ་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་།  དེ་ནས་ཟླ་བ་གཅིག་ཙམ་རྗེས་བསྐྱར་དུ་སྨན་ཁང་དེར་ཕྱིན་ནས་བརྟག་དཔྱད་བྱེད་སྐབས་ན་ཚ་དེ་ཀླད་པའི་ནང་དུ་ཕྱིན་ཚར་འདུག སྨན་བསྟེན་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་སྐོར་བརྗོད་ཡོད་སྟབས།  དགེ་བཤེས་ནས་སྨན་ཤུགས་ཆེན་པོ་བཟས་ཡོད་འདུག སྨན་ཤུགས་ཆེན་པོ་བཟས་རྐྱེན་མིད་པའི་ནང་ན་ཟུག་བྱུང་སྟེ་སྐད་ཆ་བཤད་མི་ཐུབ་པ་དང་ཁ་ལག་ཀྱང་ཡག་པོ་ཟ་མི་ཐུབ་པའི་དཀའ་ངལ་འཕྲད་པའི་ཐོག ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་སྨན་ཁང་དུ་བསྟེན་གཏུག་བྱེད་ཁག་པོ་ཆགས་པ་སོགས་ཀྱིས་སྐུ་གྲོངས་ཡོད་པ་རེད་འདུག 

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཉིན། བྲག་འགོ་རུ་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་མི་མང་ནང་གང་བྱུང་མེ་མདས་བརྒྱབ་སྟེ་བོད་མི་ཁག་ཅིག་དམར་གསོད་དང་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ནས་ཉིན་ཤས་རྗེས་ཁྲིན་ཏུའུ་ནས་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། བྲག་འགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ། དེའི་རྗེས་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་བཅས་ཞི་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཟླ་བ་མང་པོར་གར་སོང་ཆ་མེད་དུ་གྱུར་རྗེས། ཁྱིམ་མི་དང་རང་དབང་ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་༧ དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་དང་རྩིས་པ་དགྲ་ལྷ་གཉིས་ལ་ལོ་ ༦ རེ། དེ་བཞིན་དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ནི། ཕྱི་ལོ་ ༡༩༦༥ ལོར་བྲག་མགོ་ནོར་པ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་སྐྱེས་ཤིང་། ཆུང་དུས་ས་གནས་སློབ་ཆུང་འགྲིམས་ཏེ་རྒྱ་ཡིག་དང་བོད་ཀྱི་སྐད་ཡིག་ཐོག་ལ་སློབ་སྦྱོང་གནང་རྗེས། བྲག་འགོ་དགོན་པའི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། སྔ་ཕྱིར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་ཀྱི་མཚན་སྙན་བཞེས། ལོ་དེར་ཕྱིར་རང་ཡུལ་དུ་ཕེབས་ཏེ་བྲག་འགོ་དགོན་པའི་ཕྱི་ནང་གི་ལས་དོན་མང་པོ་ཞིག་ལ་འགན་བཞེས་ཡོད་པ་དང་། དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ལོའི་ཟླ་༡༢ པའི་ཚེས་༡༢ ཉིན་ཁམས་བྲག་འགོ་རུ་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་རྩ་གཏོར་བཏང་ཡོད་འདུག་ཅིང་། སྐུ་བརྙན་དེ་ནི་ཕྱི་ལོ་༢༠༡༥ ལོར་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོའི་སེར་སྐྱ་ཐུན་མོང་ནས་མུ་གེ་དམག་འཁྲུག་དང་། འབྱུང་བཞིའི་འཇིགས་པ་སྤྱི་དང་། ཁྱད་པར་དུ་ཡུལ་དེར་ཡང་ཡང་འབྱུང་བཞིན་པའི་ས་ཡོམ་མི་ཡོང་བའི་ཆེད་དུ་དམིགས་ནས་མ་དངུལ་རྒྱ་སྒོར་ཁྲི་བཞི་ཟ་༤༠༠༠ ལྷག་གི་འགྲོ་གྲོན་བཏང་སྟེ་ཁྲིམས་མཐུན་ས་གནས་ཀྱི་ཡིག་ཆ་ཚད་ལྡན་ཡོད་པའི་ཐོག་ནས་བཞེངས་པ་ཞིག་ཡིན་འདུག གཞན་ཡང་། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ལོའི་ཟླ་༡༡ ནང་བྲག་མགོ་དགོན་པའི་སློབ་གྲྭ་ཡང་གཏོར་བཤིག་བཏང་ཡོད་འདུག་ཅིང་། སློབ་གྲྭ་དེར་ཁང་མིག་ཆེ་ཆུང་ལྔ་བཅུ་ཙམ་དང་། སློབ་མ་བརྒྱ་ལྷག་ཡོད་ཅིང་། སློབ་ཚན་ལ་ནང་བསྟན་རིག་པ་དང་། བོད་ཀྱི་སྐད་ཡིག དབྱིན་ཡིག རྒྱ་ཡིག་སོགས་ཡོད་པའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་ཆགས་ཡོད་ནའང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཡོངས་རྫོགས་གཏོར་བཤིག་བཏང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།