ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་རྭ་ཚེ་རིང་དོན་གྲུབ་འདས་གྲོངས་སུ་ཕྱིན་འདུག
ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་རྭ་ཚེ་རིང་དོན་གྲུབ་ལགས་ལོ་ན་༣༤ ཐོག་ལ་འདས་གྲོངས་སུ་ཕྱིན་འདུག དེ་ཡང་ཁོང་བཙོན་ཁང་ནང་ཡོད་པའི་སྐབས་སུ་མནར་གཅོད་སོགས་ལ་བརྟེན་ནས་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག
དེ་ཡང་ཟླ་༩ པའི་ཚེས་༡༥ ཉིན་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ནས་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་རྭ་ཚེ་རིང་དོན་གྲུབ་འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། ཁོང་ནི་དེ་སྔ་སྤྱི་ལོ་༢༠༠༨ ལོའི་རྗེས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་དཔེ་དེབ་གསོན་མིག་རྩོམ་སྒྲིག་དང་དཔར་བསྐྲུན་བྱས་བའི་ཉེས་མིང་འོག རྒྱ་ནག་གི་ཉེན་རྟོག་པས་མདོ་སྨད་རྔ་བ་ཕྱོགས་ནས་བོད་མི་བཞི་བཙོན་འཇུག་བྱས་བའི་ཁྲོད་ནས་གཅིག་ཡིན་པ་དང་། ཕྱི་ལོ་༢༠༡༠ ལོའི་ཟླ་༢ པའི་ནང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་རྗེས་འབར་ཁམས་ནས་བཀག་ཉར་དང་བཅས་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། དེའི་རྗེས་མེན་ཡཱང་བཙོན་ཁང་དུ་༢༠༡༣ ལོ་བར་བཙོན་འཇུག་བྱས་རྗེས་གློད་གྲོལ་བཏང་ཡོད་འདུག
བཙོན་ཁང་ནང་དུ་སྡོད་རིང་མནར་གཅོད་ཚད་མེད་མྱངས་བ་དང་ཟས་གོས་གནས་མལ་སོགས་ཀྱི་གནས་སྟངས་ཞན་པོ་ཡོད་རྐྱེན། བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལྟར་ཁོང་ཡང་བཙོན་གྲོལ་ཐོབ་སྐབས་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་མ་ཟད། ལྷག་པར་མཆིན་པ་ནད་མནར་གྱི་རྐྱེན་པས་ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་ཐོག་མ་བྱུང་བར་ཚེ་ལས་འདས་བ་ཡིན་འདུག
ཁོང་བཙོན་གྲོལ་ཐོབ་རྗེས་རྒྱ་ནག་གཞུང་གིས་ཁོང་གི་འགྲོ་འདུག་སོགས་ལ་ལྟ་ཞིབ་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར། བཙོན་ཁང་ནས་བྲིས་བའི་རྩོམ་ཡིག་གི་གཙོས་རྔུལ་ཁྲག་ཞེས་བའི་རྩོམ་དེབ་ཞིག་ཀྱང་དཔར་བསྐྲུན་བྱས་ཡོད་འདུག རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་དང་སྨྱུག་མིང་ལ་ཤིང་ལོ་དམར་པོ་འབོད་ཀྱི་ཡོད་པ་དང་། མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་དགེ་འདུན་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།