ཆབ་སྲིད་བཙོན་ཟུར་བླ་མ་བློ་བཟང་ངམ་རྒན་ཨ་རྒྱམ་སྐུ་གཤེགས་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་དར་རྒྱས་དགོན་པའི་གྲྭ་ཆབ་སྲིད་བཙོན་ཟུར་བླ་མ་བློ་བཟང་ངམ། རྒན་ཨ་རྒྱམ་ཚེ་རིང་ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༡༨ རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པ་ཆུ་ཚོད་༨།༡༤ ཐོག་རང་ལོ་༧༡ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད་བརྒྱུད་འདི་ག་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཆ‌‌‌བ་སྲིད་བཙོན་ཟུར་བླ་མ་བློ་བཟང་ནི་ཁམས་དཀར་མཛེས་རྫོང་དར་རྒྱས་དགོན་པའི་ཁྱབ་ཁོངས་རོང་པ་ཚ་མདན་མ་ཡུལ་ཚོ་ཇོ་རུ་གྲོང་ཚོར་ཕ་བསམ་གཏན་དང། མ་གཡང་སྐྱིད་གཉིས་ཀྱི་བུ་རུ་སྐྱེས་པ་དང། ཁོང་ལ་སྲིང་མོ་གཉིས་ཡོད་པའི་ནང་ནས་བདེ་དགའ་གྲོངས་ཟིན་པ་དང། ཚེ་རིང་ཆོས་མཚོ་ད་ལྟའི་ཆར་བཞུགས་ཡོད་པ་རེད། ཁོང་གིས་“བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་། མི་ཆེན་བླ་ཆེན་མང་པོ་ཡོད། དེ་ཚོས་ངའི་ལས་འགུལ་ལ་བཀག་འགོག་མི་ཆོག བཀག་འགོག་བྱས་ན་ལས་སླ་པོ་བཞག་གི་མིན།”ཞེས་པའི་ཡིག་ཆ་སྟོང་ཕྲག་མང་པོ་ལག་བྲིས་བྱས་ནས་དཀར་མཛེས་རྫོང་དུ་སྦྱར་ཡིག་སྦྱར་བ་དང་གཏོར་འགྲེམས་བྱས་པ་སོགས་ལ་བརྟེན། རྗེས་སུ་ཡིག་གཟུགས་ལ་བརྟེན་ནས་ཁོང་ཡིན་པ་ངོས་འཛིན་ཐུབ་ནས་ཕྱི་ལོ་༡༩༩༠ ཟླ་༣ ཚེས་༨ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོར་འཛིན་བཟུང་བྱས་ནས། ལོ་གཅིག་དང་ཕྱེད་ཀྱི་རིང་སྐྱེ་རྒུ་མདོ་དང་ཆུ་དམར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག སྐབས་དེར་ཆུ་དམར་རྫོང་གི་རྫོང་དཔོན་གཞོན་པ་ནགས་ཚང་ནུས་བློས་རོགས་རམ་གང་མང་གནང་བ་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ནས་ཡིན་ནམ། གང་ལྟར་བཙོན་ཁང་དུ་གཟིགས་སྐོར་བྱེད་མཁན་ཚོགས་ཆུང་ཞིག་ཡོང་བའི་སྐབས་དང་ཁེལ་བ་བཅས་ཀྱིས་བཙོན་དུ་ཧ་ཅང་རྒྱུན་རིང་བཞུགས་དགོས་ཐུག་མེད་པ་རེད།

ཁོང་ལ་བཙོན་ཁང་དུ་ལས་ཀ་འདྲ་མིན་བྱེད་བཅུགས་ཤིང། ཉིན་གཅིག་བཙོན་པ་རྣམས་ལ་ལྕང་མ་བཙུགས་བཅུག་པ་དང། བཙོན་ཁང་གི་འགོ་ཁྲིད་ཅིག་གིས་ལྕང་མ་དེ་ལ་འགྲེལ་བཤད་ཅིག་རྒྱོབས་ཞེས་བཤད་པར། ཁོང་གིས་འགྲེལ་བཤད་ག་རེ་རྒྱག་དགོས་རེད་ཅེས་དྲིས་པར། ལས་བྱེད་དེས་འགྲེལ་བཤད་ག་རེ་བརྒྱབ་ཀྱང་འགྲིག་ཅེས་ལབ་པ་བཞིན། ཁོང་གིས། “ལྕང་མ་ང་ཡིས་བཙུགས་ཡིན།། ལྕང་ཆུ་ང་ཡིས་ཁྲིད་ཡིན།། ལྕང་མ་སྐྱེས་བྱུང་སྐྱེས་བྱུང།། མགོ་མཇུག་ལོག་ནས་སྐྱེས་བྱུང།།”ཞེས་སོགས་གསུངས་པས་ལས་བྱེད་པ་དེ་ངོ་ཚ་ཁ་སྐྱེངས་བྱུང་བའི་ལོ་རྒྱུས་ཡོད།

བླ་མ་བློ་བཟང་ནི་ཆོས་པ་ཞིག་ཡིན་པ་དང། བོད་ཀྱི་ཆོས་དང་རིག་གནས་ལ་ཤེས་ཡོན་ཆེན་པོ་ཡོད་མཁན་ཡིན་ཞིང། བོད་པའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་དར་སྤེལ་ཆེད་ཕྱག་ལས་མང་པོ་མཁན་ཞིག་ཀྱང་ཡིན་འདུག དཔེར་ན་ཁོང་གིས་ནགས་ཚང་ནུས་བློ་དང་མཉམ་དུ་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དུ་རིས་མེད་ཆོས་ལུགས་ས་ཚིགས་ཐུབ་བསྟན་དར་རྒྱས་གླིང་གསར་བཞེངས་གནང་བ་དང། དེའི་སྐོར་<<ནགས་ཚང་ཞི་ལུའི་སྐྱིད་སྡུག་>>ནང། “ང་རང་གིས་ཚེ་གཅིག་ལ་མི་རིགས་ཆོས་ལུགས་རིག་གནས་འདི་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཆེད་དང། ལྷག་པར་དུ་ཆུ་དམར་རྫོང་མི་དམངས་ཀྱི་ཆེད་དུ་ཕན་ཐོགས་པའི་དོན་རེ་གཉིས་བསྒྲུབས་ཐུབ་པ་འདི་ནི་ཆེས་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། ང་རང་གི་སེམས་སུ་བྱས་རྗེས་འདི་དག་ནི་དེའི་སྐབས་གཙོ་ཆེ་བའི་རྒྱབ་རོགས་དང་དགོན་པ་འདེབས་མཁན་གུང་ཐང་ཚང་བསྟན་པའི་དབང་ཕྱུག་མཆོག་དང། ལྷག་པར་དུ་ཀུན་གྱི་ཤེས་གསལ་ལྟར་ས་ཚིགས་འདི་འཛུགས་སྐྲུན་ཆེད་མ་དངུལ་བསྡུ་མཁན་བླ་མ་བློ་བཟང་རྣམ་གཉིས་ལོས་ཡིན། ལོ་རྒྱུས་དང་ཆུ་དམར་ལེབ་མི་དམངས་ཀྱི་དུས་ནམ་ཡང་ཁོང་རྣམ་བརྗེད་རྒྱུ་མ་རེད།”ཅེས་འཁོད་ཡོད་པ་རེད།

བླ་མ་བློ་བཟང་ཕྱི་ལོ་༡༩༩༤ ལོར་རྒྱ་གར་དུ་ཕེབས་པ་དང། ༧གོང་ས་མཆོག་གིས་ཁྱེད་ཕྱིར་ཕ་ཡུལ་དུ་ཕེབས་ན་ཕན་ཐོགས་ཆེ་ས་རེད་ཅེས་བཀའ་གནང་བར་བརྟེན། བླ་མ་བློ་བཟང་ཕྱིར་རང་ཡུལ་དུ་ཕེབས་ཡོད་པ་རེད། ཕ་ཡུལ་དུ་བྱིས་པ་རྣམས་ལ་ཀ་ཁ་དང། ན་གཞོན་དོ་སྣང་ཅན་རྣམས་ལ་སུམ་རྟགས་དག་གསུམ་སོགས་ཐུན་མོང་རིག་གནས་སྐོར་སློབ་ཁྲིད་དང། རྒན་པ་རྣམས་ལ་ལམ་རིམ་སོགས་བློ་སྦྱོང་གི་ཆོས་སྐོར་སློབ་ཁྲིད་གནང་གི་ཡོད་པ་རེད།

ཁོང་གིས་བརྩམས་གནང་བའི་དབུ་མའི་ལྟ་བའི་སྐོར་དང། ཕར་ཕྱིན་སྐོར། ལམ་སྒྲོན་དང་བྱང་ཆུབ་ལམ་རིམ་ཆེན་མོའི་སྐོར་ལ་དེབ་ཤོག་གྲངས་སུམ་བརྒྱ་ཅན་བཅས་ཁོང་གིས་བརྩམས་པའི་དཔེ་དེབ་ཁ་ཤས་བོད་ནས་པར་སྐྲུན་བྱས་ཡོད་པ་རེད།།

སྤྱི་ཁྱབ་རྩོམ་སྒྲིག་པ།

Share this:

Leave a Reply