ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པས་སུད་སིར་གནས་སྡོད་བོད་མི་ཁག་ཅིག་ལ་གསུང་བཤད་གནང་།

སུད་སིར་ཡོད་པའི་བོད་པ་རྣམས་ལ་ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པའིགསུང་བཤད་ཀྱི་ལས་རིམ་ཞིག་བོད་རིགས་གཞོན་ནུའི་མཐུན་ཚོགས་ནས་གོ་སྒྲིག་གནང་ཡོད་འདུག་ལ། སྐབས་དེ་དུས་ཆབ་སྲིད་བཙོན་ཟུར་ཁོང་བོད་ནང་ཡོད་དུས་ཆབ་སྲིད་ཀྱི་ལས་འགུལ་གང་འདྲ་སྤེལ་བ་དང་། རྒྱ་ནག་གཞུང་གིས་དྲག་གནོན་གང་འདྲ་བྱས་ཡོད་མེད་ཀྱི་སྐོར་སོགས་གསུང་བཤད་གནང་ཡོད་འདུག
ཕྱི་ལོ་༢༠༢༥ ཟླ་བ་༦ པའི་ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ནས་ཛུ་རིཀ་བོད་རིགས་མི་མང་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པའི་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་འདུག་པ་དང་། དེའི་ཐོག་སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱི་ཚོགས་གཙོ་དངོས་འདུན་རྒྱ་མཚོ། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་། ས་གནས་གཞོན་ནུ་ཚོགས་གཙོ། ཚོགས་པ་ཁག་གི་འཐུས་མི། གཞན་ཡང་དོན་གཉེར་ཅན་གྱི་མི་གྲངས་༢༠ མཉམ་ཞུགས་གནང་ཡོད་འདུག ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པས་གསུང་བཤད་གནང་དོན། ཁོང་གིས་དང་བླངས་ཀྱིས་བོད་དོན་ཐད་ལས་འགུལ་སྤེལ་བའི་རིམ་པ་དང་པོ་ནི། བླ་བྲང་ས་ཆར་ཕྱི་ལོ་༢༠༠༧ ལོར་ཨ་རིའི་གསེར་གྱི་གཟེངས་རྟགས་སྐབས་དགའ་སྟོན་གྱི་ཤོག་སྦག་ཤུགས་ཆེར་བརྒྱབ་པའི་དུས་དེ་ཡིན། དེ་དུས་ཁོ་པ་དང་ཁོང་གི་གྲོགས་པོ་ཞིག་གིས་སྣེ་ཁྲིད་དེ་ཁོང་ཚོ་མི་བཅུ་གྲངས་ཤིག་གིས་སྒོར་བརྒྱ་རེ་བསྡུས་ཏེ་གསང་སྟབས་ཀྱིས་ཉེན་ཁའི་ཁྲོད་ཤོག་སྦག་འབོར་ཆེན་ཉོས་པས་གསེར་གྱི་གཟེངས་རྟགས་ཉིན་གྲྭ་མང་དང་ལྷན་དགའ་སྟོན་གྱི་རྣམ་པ་རྒྱ་ཆེར་སྟོན་པའི་བསྐལ་བ་ལྡན། ཕྱི་ལོ་༢༠༠༨ ཟླ་བ་༣ ཚེས་༡༤ དང་༡༥ སྟེ་ཉིན་གཉིས་རིང་བླ་བྲང་ས་ཆར་ངོ་རྒོལ་ལས་འགུལ་རྒྱ་ཆེར་སྤེལ་སྐབས་ཉིན་གཉིས་ཀར་མཉམ་ཞུགས་བྱས་པ་ཙམ་མ་ཟད། ངོ་རྒོལ་ཉིན་གཉིས་པར་དཀའ་ངལ་ཡང་མི་ཉུང་བ་ཞིག་མྱངས་དགོས་བྱུང་བ་དང་། ཞི་རྒོལ་ཆེན་པོ་དེ་བྱུང་བའི་ཉིན་ཤས་རྗེས་སུ་རྒྱ་གཞུང་གི་དྲག་གནོན་བྱེད་སྟངས་ལ་ཡིད་གཏན་ནས་མ་རངས་པར་ཁོང་གི་ངོས་ནས་བོད་དོན་ཆེད་ལས་འགུལ་ཞིག་སྤེལ་རྒྱུའི་བློ་ཐག་གཙང་མ་བཅད་དེ། ཉེན་ཁ་ཆེན་པོའི་ཁྲོད་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་བདུན་ཕྲག་གཅིག་ཙམ་རིང་བཙེམས་པ་སོགས་གསང་སྟབས་ཀྱིས་གྲ་སྒྲིག་འཐུས་ཚང་བྱས་ཚར་ཡོད་པའི་སྐབས་དེར་གློ་བུར་དུ་གོ་སྐབས་ཤིན་ཏུ་རྩ་ཆེ་བ་ཞིག་ཐོབ་པ་ནི། རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་ཁོང་དང་ཁོང་གི་གྲོགས་པོ་ཚོའི་སྣེ་ཁྲིད་འོག་ཕྱི་ལོ་༢༠༠༨ ཟླ་བ་༤ ཚེས་༩ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་ཞིག་སྤེལ་ཐུབ་པ་བྱུང་བ་དེ་ཡིན། སྐབས་དེར་གདུང་སེམས་མཉམ་སྐྱེད་ཀྱིས་ཁོང་ཚོའི་ལས་འགུལ་ནང་ཞུགས་མཁན་མི་གྲངས་༢༠ ཙམ་བྱུང་བ་དང་། རྗེས་སུ་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་དཔའ་བོ་གཉིས་ཁོང་ཚོ་དང་གཏན་དུ་གྱེས་སོང་ལ། ཙ་ཡུལ་སྐལ་བཟང་རྒྱ་མཚོ་ལོ་བཅུར་བཙོན་འཇུག་བྱས་པས་མཚོན་ལས་འགུལ་བ་མི་ཉུང་བ་ཞིག་སྔ་ཕྱིར་འཛིན་བཟུང་བྱས་ཡོད་པ་དང་། ད་དུང་དམར་པོའི་ཁྲིམས་འོག་ན་གནས་ཡོད་པར་བརྗོད་འདུག

ལས་འགུལ་དེའི་རྐྱེན་གྱིས་ཕྱི་ཟླ་༤ ཚེས་༡༤ ཉིན་གྱི་མཚན་དཀྱིལ་ཙམ་ལ་རྒྱ་དམག་འབོར་ཆེན་དགོན་པར་སླེབས་ཏེ། གྲྭ་ཤག་གཅིག་ཀྱང་མ་ལུས་པ་སྔོག་གཤེར་གྱིས་རྐུ་འཕྲོག་རྡུང་གཅོག་མི་བཟོད་པ་བྱས་མཐར་དོགས་གཞིའི་འོག་དགེ་འདུན་པ་གྲངས་༡༨༠ འཛིན་བཟུང་བྱས། ལས་འགུལ་སྐབས་ཕྱར་བའི་རྒྱལ་དར་གྱི་ཕྱི་ངོས་ནས་ཡི་གེ་རིམ་པ་གསུམ་བྲིས་ཡོད་པ་དང་། ཕྱི་ལོ་༢༠༠༩ ཟླ་བ་༥ ཚེས་༡༠ ཉིན་ཁོང་དང་སྤུན་མཆེད་རྣམས་བཞུགས་སྒར་དྷ་རམ་ས་ལར་འབྱོར་བ་བཅས་ཀྱི་མང་ཚོགས་ལ་གཏམ་བཤད་གནང་ཡོད་འདུག
དེ་རྗེས་ཆུ་ཚོད་ཕྱེད་ཀ་ལྷག་དྲི་བ་དྲི་ལན་གནང་ནས། མཐར་ཡོ་རོབ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སུད་སི་སྐུ་ཚབ་དོན་གཅོད་ཀྱི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་ཏེ་གསུང་བཤད་ཀྱི་ལས་རིམ་ལེགས་པ་གྲུབ་ཡོད་པ་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།