ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་སྐུ་གྲོངས་པར་མར་མེའི་ཁྲོམ་སྐོར།
ཕྱི་ཟླ་༨ ཚེས་༣ ཉིན་གྱི་སྔ་དྲོ་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་སྐུ་གྲོངས་པ་དང་། ཉིན་དེའི་དགོང་མོའི་ཆུ་ཚོས་༥ པ་ཡོལ་ཙམ་ལ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག དྷ་ས་མེག་གྷན་ཁྲོམ་གཞུང་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
མར་མེའི་ཁྲོམ་སྐོར་གྱི་འགོ་འཛུགས་ཁར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས་“ཨ་མ་ཨ་བདེས་ད་ལྟ་བར་དུ་སྐུ་ལས་བསྐྱོན་པ་དེར་རྗེས་དྲན་དང་། ཨ་མ་ཨ་བདེ་བརྒྱུད་ནས་ད་ལྟ་བོད་ནང་ལོགས་སུ་དཀའ་སྡུག་མྱངས་དང་མྱོང་བཞིན་པ་ཆབ་སྲིད་བཙོན་པ་ཚོའི་གནད་དོན་སྐོར་ཁྱབ་བསྒྲགས་བྱེད་པ་དང་། གོ་རྟོགས་སྤེལ་”ཆེད་ཡིན་ཞེས་ལས་འགུལ་དེའི་དམིགས་ཡུལ་འགྲེལ་བརྗོད་གནང་བ་མ་ཟད། ད་ལྟ་བོད་དུ་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་ཡོང་བའི་སྨོན་ལམ་ཡང་འདེབས་དགོས་ཚུལ་བརྗོད་སོང་།
དེ་ནས་ལས་འགུལ་བ་ཚོས་འདས་པོ་ཨ་མ་ཨ་བདེའི་སྐུ་པར་དང་། བོད་ཀྱི་རྒྱལ་དར། ལཱ་སྒྲོན་བཅས་ཐོགས་ནས་སྐད་གསང་མཐོན་པོས་“བྱང་ཆུབ་སེམས་མཆོག་”གི་སྨོན་ལམ་སྐྱོར་བཞིན་མེག་གྷན་གྱི་ཁྲོམ་སྲང་གཙོ་བོར་སྐོར་བ་གཉིས་བརྒྱབ་པའི་རྗེས། བོད་ཀྱི་བུད་མེད་ལས་འགུལ་བ་གྲགས་ཅན་ཁོང་ལ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གྱི་གུས་འདུད་ཞུས་ཡོད་པ་རེད།
ཨ་མ་ཨ་བདེ་བཙོན་འཇུག་བྱས་ནས་མི་ལོ་༢༧ གྱི་རྗེས་ཏེ་ཕྱི་ལོ་༡༩༨༥ ལོར་བཙོན་གྲོལ་ཐོབ་པ་དང་། ཕྱི་ལོ་༡༩༨༧ ལོར་རྒྱ་གར་དུ་སླེབས་ནས་དྷ་སར་གནས་སྡོད་བྱས་ཡོད་པ་དང་། ཁོང་གིས་གཙན་བྱོལ་རྒྱུན་དུ་ནས་ལས་འགུལ་བ་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། དོ་སྣང་ཡོད་མཁན་སློབ་མ་སོགས་ལ་བོད་ཀྱི་འཐབ་རྩོད་དང་རང་གི་མི་ཚེའི་ལོ་རྒྱུས་བཤད་གང་ཐུབ་ཀྱིས། བོད་དོན་ལས་འགུལ་སྤེལ་ཡོད་པ་རེད། ཁོང་གི་མི་ཚེའི་ལོ་རྒྱུས་དྲན་པར་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ་ཞེས་པའི་དེབ་ཅིག་པར་སྐྲུན་བྱས་ཡོད་པ་རེད།།
གསར་འགོད་པ་དཀོན་མཆོག་རབ་བརྟན།