ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་གྲོངས་འདུག

ཟླ་༨ པའི་ཚེས་༣ ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་སར། རྒྱ་ནག་གཞུང་གིས་མི་ལོ་༢༧ བཙོན་འཇུག་བྱས་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་གྲོངས་ཡོད་པ་རེད། 

ཁོང་ནི་བོད་ཀྱི་ས་ཁུལ་ཁམས་ཉག་རོང་ནས་ཡིན་པ་དང་། རྒྱ་དམར་གྱིས་བོད་དུ་བཙན་འཛུལ་བྱས་རྗེས། ངོ་རྒོལ་དང་འགོག་རྒོལ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༨ ལོར་བཙོན་འཇུག་བྱས་ནས། མཐར་ མི་ལོ་༢༧ གྱི་རྗེས་ཏེ་ཕྱི་ལོ་༡༩༨༥ ལོར་བཙོན་གྲོལ་ཐོབ་ཡོད་འདུག 

བཙོན་གྲོལ་ཐོབ་རྗེས་ཕྱི་ལོ་༡༩༨༧ ལོར་རྒྱ་གར་དུ་སླེབས་ནས་རྡ་སར་གནས་སྡོད་བྱས་ཡོད་པ་དང་། ཁོང་གིས་རྡ་སར་རྒྱུན་དུ་ནས་ལས་འགུལ་བ་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། དོ་སྣང་ཡོད་མཁན་སློབ་མ་སོགས་ལ་བོད་ཀྱི་འཐབ་རྩོད་དང་རང་གི་མི་ཚེའི་ལོ་རྒྱུས་བཤད་གང་ཐུབ་ཀྱིས། བོད་དོན་ལས་འགུལ་ལ་ལེགས་སྐྱེས་ཕུལ་ཡོད་པ་རེད། ཁོང་མི་ཚེའི་ལོ་རྒྱུས་དྲན་པར་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ་ཞེས་པའི་དེབ་ཅིག་པར་སྐྲུན་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།