ཆི་ལི་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་དུ་འབྲི་རྒྱུར་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག

ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕྱུག་ཤོས་གྲས་སུ་ཚུད་པའི་ཆི་ལིའི་མི་མང་གིས། སྲིད་དབང་སྒེར་འཛིན་པའི་དུས་ཡུན་སྐབས་སུ་གཏན་འབེབས་བྱས་པའི་རྩ་ཁྲིམས་དེ་རྩ་མེད་བཏང་ནས། རྩ་ཁྲིམས་གསར་པ་འབྲི་རྒྱུར་མང་མོས་འོས་བསྡུ་ཐག་གཅོད་ཐོག་ནས་རྒྱབ་སྐྱོར་ཆེན་པོ་བྱས་འདུག

ཟླ་༡༠ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༥ ཉིན་ཆི་ལི་(Chile)མི་མང་གིས་ཕྱི་ལོ་༡༩༨༠ ལོར་རྒྱལ་ཁབ་དེའི་སྲིད་དབང་སྒེར་འཛིན་པ་དམག་དཔོན་པཱི་ནོ་ཆི་ཌ་འོག་ཏུ་བྲིས་པའི་རྩ་ཁྲིམས་དེ་རྩ་མེད་བཏང་ནས་གསར་པ་ཞིག་འབྲི་མིན་དང་། གལ་ཏེ་གསར་པ་འབྲི་དགོས་ཚེ་འབྲི་མཁན་དེ་མི་མང་གིས་འོས་འདེམས་བྱས་པའི་མི་སེར་གྱི་ལྷན་ཚོགས་ཤིག་གིས་འབྲི་དགོས་པའམ་ཡང་ན་གྲོས་ཚོགས་འཐུས་མི་ཡོད་པའི་ལྷན་ཚོགས་ནས་འབྲི་དགོས་པའི་གནད་དོན་ཐོག མང་མོས་འོས་བསྡུ་ཐག་གཅོད་བྱས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་འོས་གྲངས་བརྒྱ་ཆ་༩༠ རྩིས་ཟིན་པའི་ཁྲོད་དུ་བརྒྱ་ཆ་༧༨ ཀྱིས་རྩ་ཁྲིམས་གསར་དུ་འབྲི་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁ་ཐོབ་འདུག་པས། མི་མང་ཚོས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག

དེ་ཡང་ལོ་གཅིག་སྔོན་ནས་མི་མང་ཚོས་གཞུང་ལ་ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་ཡོད་པ་དང་། ངོ་རྒོལ་གྱི་དགོས་འདུན་གཅིག་ནི་རྩ་ཁྲིམས་དེ་ལ་བརྟེན་ནས་མི་མང་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཆགས་ཀྱི་ཡོད་པས། དེ་གསར་པ་ཞིག་འབྲི་དགོས་པའི་དགོས་འདུན་ཡིན་འདུག དངོས་གནས་བྱས་ན་མང་མོས་འོས་བསྡུ་ཐག་གཅོད་དེ་ཟླ་༤ པའི་ནང་གོ་སྒྲིག་བྱེད་འཆར་ཡོད་ཀྱང་། ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ད་བར་ཕྱིར་འགྱངས་བྱེད་དགོས་འཁེལ་བ་རེད་འདུག

དེ་བཞིན་རྩ་ཁྲིམས་གསར་པ་དེ་འབྲི་མཁན་ནི་མང་ཚོགས་གིས་འོས་འདེམས་བྱས་བའི་མི་སེར་དཀྱུས་མའི་ལྷན་ཚོགས་ཤིག་དགོས་པར་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག་པ་དང་། གྲོས་ཚོགས་འཐུས་མི་ཚུད་པའི་ཚོགས་ཆུང་གིས་རྩ་ཁྲིམས་འབྲི་རྒྱུར་དགག་བྱ་བྱས་ནས་རྒྱབ་སྐྱོར་ཐོབ་མེད་འདུག ད་ལྟའི་ཆར་རྩ་ཁྲིམས་གསར་པ་འབྲི་རྒྱུར་རྒྱབ་སྐྱོར་ཐོབ་ཟིན་ཡོད་ཀྱང་། ལས་དོན་གལ་གནད་ཆེན་པོ་མང་པོ་ཞིག་ལྷག་བསྡད་ཡོད་འདུག དེ་ཡང་ཕྱི་ལོ་༢༠༢༢ ལོའི་ཟླ་༤ པའི་སྔོན་དུ་ཚོགས་མི་༡༥༥ ཡོད་པའི་རྩ་ཁྲིམས་ལྷན་ཚོགས་འདེམས་ཐོན་ཐོབ་པ་དགོས་ཀྱི་འདུག་པ་དང་། ཚོགས་མི་རྣམས་ཀྱིས་ལོ་གཅིག་ནང་རྩ་ཁྲིམས་ཟིན་བྲིས་ཐོག་མོས་མཐུན་བྱུང་དགོས་ཀྱི་ཡོད་པ་དང་དེའི་རྗེས་སུ། རྩ་ཁྲིམས་ཟིན་བྲིས་དེར་མང་ཚོགས་ཀྱིས་མང་མོས་འོས་བསྡུ་ཐག་གཅོད་བྱེད་རྒྱུ་ཡིན་འདུག

ད་ལྟའི་རྩ་ཁྲིམས་དེ་ཕྱི་ལོ་༡༩༨༠ ལོར་སྲིད་དབང་སྒེར་འཛིན་པ་དམག་དཔོན་པཱི་ནོ་ཆི་ཌ་སྐབས་སུ་མང་མོས་འོས་བསྡུ་ཐག་གཅོད་གཅིག་གི་རྗེས་སུ་བྲིས་ཡོད་འདུག སྲིད་དབང་སྒེར་འཛིན་པ་དེས་སྲིད་དབང་ལོ་ངོ་༡༧ བཟུང་ཡོད་པའི་སྐབས་སུ། དྲག་གནོན་དང་མནར་གཅོད་སོགས་ཀྱི་བྱ་སྤྱོད་མང་པོ་སྤེལ་ཡོད་ཁར། མང་གཙོའི་རང་དབང་སོགས་བཀག་སྡོམ་ཆེན་པོ་ཡོད་འདུག  འོན་ཀྱང་འདས་པའི་ལོ་ངོ་༢༠ ཡི་རིང་ཆི་ལི་ནང་དུ་དབུལ་འཕོང་གི་ཚད་གཞི་དམའ་རུ་ཕྱིན་ཡོད་པ་དང་། དེང་གི་ཆར་ལྷོ་ཨ་མི་རི་ཀ་ནང་དུ་རྒྱལ་ཁབ་ཕྱུག་ཤོས་གྲས་སུ་ཚུད་ཀྱི་འདུག ཡིན་ཡང་རྒྱལ་ཁབ་དེ་འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཁོངས་སུ་ཚུད་ཀྱི་ཡོད་པས།  མི་མང་པོ་ཞིག་གིས་གནས་སྟངས་དེའི་རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྟེན་ནས་ཞབས་ཞུའི་མཐུན་རྐྱེན་མང་པོ་ཞིག་སྒེར་གྱི་ཚོང་པས་འཛིན་གྱི་ཡོད་པའི་ལམ་ལུགས་དེའི་ཉེས་པ་ཡིན་སྐོར་བརྗོད་བཞིན་འདུག

རྒྱལ་ཁབ་དེའི་སྲིད་འཛིན་པཱི་ནེ་རཱ་ཡིས། མང་མོས་འོས་བསྡུ་ཐག་གཅོད་དེ་ཞི་བའི་ངང་ལེགས་གྲུབ་བྱུང་བ་དང་དེའི་གྲུབ་དོན་ལ་བསྔགས་བརྗོད་བྱས་འདུག་པ་དང་། ཁོང་གིས་ད་བར་རྩ་ཁྲིམས་དེས་མང་ཚོགས་ནང་འགལ་ཟླ་བཟོས་ཡོད་ཀྱང་། ད་ནས་བཟུང་ཚང་མས་མཉམ་ལས་བྱེད་ནས་རྩ་ཁྲིམས་གསར་པ་དེ་ཆིག་སྒྲིལ་དང་བརྟན་ལྷིང་། མ་འོངས་མདུན་ལམ་བཅས་ཀྱི་གཞི་རྟེན་ཆགས་པ་བྱེད་དགོས་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།