ཆིག་སྒྲིལ་ཁ་འཁྱེར་གྱི་སྒེར་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༦   ཕྱི་ལོ་ ༢༠༡༦/༡༢/༢༡  

ཆིག་སྒྲིལ་ཁ་འཁྱེར་གྱི་སྒེར་དོན་ཞེས་པའི་ཚིག་འདི་གོ་དུས་ཅུང་ཙམ་འོས་འཚམས་མེད་པ་ཞིག་ཏུ་མཐོང་མཁན་ཡོད་ངེས་ཀྱང་། དོན་དངོས་ཆེ་ས་ནས་འཛམ་གླིང་དང་ཆུང་ས་ནས་རྒྱལ་ཁབ་སོ་སོ། དེ་བས་ཀྱང་ཆུང་ས་ནས་བཤད་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆེས་ཆུང་ངུ་འདིར་ཡང་ཆིག་སྒྲིལ་དགོས་པའི་བཀའ་སློབ་ལམ་སྟོན་གནང་མཁན་དང་། ཆིག་སྒྲིལ་དགོས་པའི་གླུ་གཞས་ལེན་མཁན། ཆིག་སྒྲིག་དགོས་པའི་རྩོམ་ཡིག་འབྲི་མཁན་སོགས་ནི་ཅི་བས་མང་ནའང་། དོན་གྱིས་རང་རྩ་ལ་ཐུག་དུས་ཆིག་སྒྲིལ་ལག་བསྟར་བྱེད་མཁན་རེ་ཟུང་ཙམ་ཡོད་སྲིད་པ་ལས་གཞན་ཕལ་ཆེར་དཀོན་ཚོད་དུ་སྣང་། དེ་བཞིན་བོད་པ་ནི་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་ཚུལ་ཤོད་མཁན་དང་དེ་ལྟ་བུ་ཡིན་པར་ཡིད་ཆེས་བྱེད་མཁན་ཡང་མང་པོ་ཡོད་ལ། དོན་དངོས་ལག་ལེན་ཐོག་ནང་པ་སངས་རྒྱས་པའི་གཞུང་ལུགས་བཞིན་ཆེ་ཆུང་གང་ཐད་ནས་ལག་བསྟར་བྱེད་མཁན་ཕལ་ཆེར་དཀོན་ཚོད་དུ་གྱུར་ཡོད། དེང་སྐབས་འཛམ་གླིང་འདིར་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བ། འཆམ་མཐུན་གྱི་སྤྱི་ཚོགས་སོགས་བརྗོད་མཁན་མང་ཡང་ལག་བསྟར་བྱེད་མཁན་དཀོན་པོ་ཡིན།

མ་འོངས་པར་ཡང་བོད་པའི་སྤྱི་ཚོགས་འདི་ཉིད་ཀྱང་གནས་སྟངས་འདི་ལས་འདའ་མི་ཐུབ་པར་མུ་མཐུད་དུ་གནས་ངེས་རེད་ལ། ད་དུང་ཆིག་སྒྲིལ་གཏོར་མཁན་གཙོ་བོ་དག་གིས་ཆིག་སྒྲིལ་གྱི་ཁ་གཡང་ཐོག་ནས་རང་ཉིད་སྒེར་གྱི་ཁེ་ཕན་གཙོར་འདོན་བྱེད་བཞིན་ཡོད། ལྷག་པར་དུ་བསམ་ཚུལ་མི་མཐུན་པ་དག་ལ་རྒོལ་རྡུང་གཏོང་རྒྱུའི་ལས་འགུལ་འགོ་འཛུགས་བྱེད་ཁུལ་བྱས་པ་དེ་ཡང་། དོན་དུ་བསམ་ཚུལ་མི་མཐུན་པ་མང་དུ་གཏོང་རྒྱུའི་ལས་འགུལ་གསར་པ་ཞིག་ཏུ་འགྱུར་ངེས་པ་ལས། སྤྱི་ཚོགས་ནང་འདི་ལྟ་བུའི་ལས་འགུལ་སྤེལ་ནས་ཕན་ཐོགས་ཤིག་ཡོད་ན་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་མུ་མཐུད་ལས་འགུལ་འདི་ལྟ་བུ་སྤེལ་ཡོད་པས། ད་དུང་འདི་ལྟ་བུའི་དཀའ་ངལ་ཞིག་སྤྱི་ཚོགས་ནང་གཏན་ནས་མེད་དགོས་ཚོད་རེད། འོན་ཀྱང་དེ་ལྟར་བྱུང་མེད་པ་དང་འབྱུང་མི་སྲིད་པའང་ཚང་མས་ཤེས་ཀྱང་། ཆིག་སྒྲིལ་གྱི་ཆེད་དུ་ཡིན་ཞེས་ཚོགས་པ་བཙུགས་ཤིང་མིང་ཡང་ཆིག་སྒྲིལ་ཞེས་བཏགས་ཀྱང་། དོན་དུ་གཏོར་བཤིག་འབའ་ཞིག་བྱས་ཡོད་པ་འདི་ཡང་གོང་དུ་བརྗོད་པ་དེའི་དཔེ་མཚོན་ཉག་གཅིག་ཏུ་གྱུར་ཡོད།

སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་འདིར་དོལ་རྒྱལ་ཁ་ལ་ཁུར་ནས་དགྲ་བོའི་འདོན་དོན་སྒྲུབ་མཁན་གྱི་མི་རེ་ཟུང་ཞིག་ཡོད་པ་དང་། དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་ད་ལྟ་ཙམ་དུ་མ་ཟད་མ་འོངས་པར་ཡང་བོད་པའི་སྤྱི་ཚོགས་ལ་མུ་མཐུད་དཀའ་ངལ་ཆེན་པོ་འཕྲད་ངེས་པའི་སྔ་ལྟས་མང་པོ་ཡོད། འདིི་ཡང་ཟུར་གཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལས་བརྒལ་ནས། སྤྱི་ཚོགས་ནང་མི་ཁག་ཅིག་གིས་གནད་དོན་འདི་ཉིད་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་བེད་སྤྱོད་ལོག་པར་བཏང་བས་ཀྱང་སྤྱི་ཚོགས་ཀྱི་རྩོད་རྙོག་ཆེན་པོ་ཞིག་ཏུ་གྱུར་པ་རེད། དེ་མ་ཡིན་པའི་རྩོད་རྙོག་ཆུང་ཙག་རིགས་སྤྱི་ཚོགས་ནང་ཐོན་སྐབས་གོ་སྐབས་དམ་འཛིན་གྱིས་རྩོད་རྙོག་ཆེ་རུ་གཏོང་ཐབས་ཙམ་མིན་པར། དོན་དངོས་ཐོག་མ་འོངས་པར་རྩོད་རྙོག་རྒྱུན་མི་ཆད་དུ་ཡོང་ངེས་པ་དང་། མི་ཁག་ཅིག་གིས་གནད་དོན་འདི་ལྟ་བུ་དག་ཆེ་རུ་བཏང་སྟེ་དེའི་ནང་ནས་གོ་སྐབས་རེ་ཨེ་རག་བལྟ་བ་ལས། དོན་དུ་རྩོད་རྙོག་གཙང་སེལ་ཡོང་ཐབས་སུ་དམིགས་མེད་པའང་གསལ་པོ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་སྤྱི་ཡོངས་ཀྱི་གཙུག་ནོར་ཡིན་པ་ལས། མི་ཁ་ཤས་ཤིག་ལ་སྒེར་དུ་བདག་པའི་དངོས་པོ་ལྟ་བུ་ཞིག་གཏན་ནས་མིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གོ་ལ་ཧྲིལ་པོར་ཁྱབ་པ་འདི་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཁྱེན་པ་དང་། བརྩེ་བ། ནུས་པ་བཅས་ལ་བརྟེན་ནས་བྱུང་ཡོད་པ་ལས། དུས་རྒྱུན་༧གོང་ས་མཆོག་ཁ་ལ་ཁུར་ནས་སྒེར་དོན་སྒྲུབ་མཁན་ཁག་ཅིག་གི་བྱེད་སྟངས་དང་སེམས་ཤུགས་ལ་བརྟེན་ནས་བྱུང་མེད་པ་ནི་ཧ་ཅང་གསལ་པོ་རེད། དེར་བརྟེན་མ་འོངས་པར་ཡང་༧གོང་ས་མཆོག་གི་མཛད་འཕྲིན་ནི། ༧གོང་ས་མཆོག་གང་ཉིད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཁོ་ན་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཁྱོན་དུ་འོད་སྟོང་འཕྲོ་ངེས་པ་ལས། རང་ཉིད་ཀྱི་རྐང་པའི་སྒང་དུ་རང་ཉིད་ཚུལ་བཞིན་ལངས་མི་ཐུབ་པའི་མི་འགའ་ཞིག་གིས་སྐུར་འདེབས་ཞུས་ནས་ཆུང་དུ་འགྲོ་བ་ཞིག་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་ལ་ཁུར་ནས་སྒེར་དོན་སྒྲུབ་མཁན་དག་གིས་ཆེ་རུ་གཏོང་ཐུབ་ཐབས་མེད་པ་ཤེས་གསལ་རེད།

མདོར་ན་༧གོང་ས་མཆོག་གི་མཚན་བེད་སྤྱད་ནས་རྩོད་རྙོག་སློང་བ་དེ་དག་ཕྱོགས་ཡོངས་ནས་བཀྲ་མི་ཤིས་པའི་སྔ་ལྟས་ཤིག་ཡིན། གང་ལྟར་༧གོང་ས་མཆོག་ནི་བོད་མི་ཡོངས་རྫོགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་ཡོད་པ་དང་དེའི་ངོས་འཛིན་མཆོག་དམན་ཚང་མའི་སེམས་ལ་ཡོད་དགོས་པ་ལས། བསམ་མེད་ར་བཟི་ཁ་ཤས་ཀྱིས་ཁ་ནས་གང་ཐོན་བཤད་སྲིད་པ་དེ་དག་སྣང་མེད་དུ་གཏོང་བ་ལས། དེ་དག་ལ་རིན་ཐང་སྤྲད་འོས་པ་ཞིག་གཏན་ནས་མིན། གལ་སྲིད་སྐུར་འདེབས་ཞུ་མཁན་དེ་དག་ལ་རིན་ཐང་ཡོད་སྲིད་ན། གདོང་ལེན་བྱས་ནས་དད་པ་དང་དག་སྣང་ཡོད་མཁན་ཞིག་ཏུ་སྒྱུར་མི་ཐུབ་ལ། ཅིག་བྱས་ན་འདི་དག་ལ་རིན་ཐང་སྤྲོད་རྒྱུ་མང་དྲགས་ན་མ་འོངས་པར་ཤུགས་རྐྱེན་ཆེ་རུའང་འགྲོ་མི་སྲིད་པ་མ་རེད། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་གངས་ཅན་སྐྱིད་གཤོངས་ནས་ཨ་ལོ་ཆོས་མཛད་ལ་ཁེ་ཕན་དོན་གཉེར་གྱི་སྔོན་ཐོན་པ་ཁག་ཅིག་གིས་རུབ་རྡུང་བྱས་པའི་གནས་ཚུལ་བེད་སྤྱད་ནས་༧གོང་མཆོག་ལ་རྒྱ་གཞུང་གིས་སྐུར་འདེབས་མང་པོ་བྱས་ཡོད་ལ། མ་འོངས་པར་གནད་དོན་འདི་ལྟ་བུ་ལ་བརྟེན་ནས་སླར་ཡང་སྐུར་འདེབས་བྱེད་མི་སྲིད་པ་མ་རེད།།