ཆིག་སྒྲིལ་གྱི་གོང་བུའི་ནུས་སྟོབས་གོང་འཕེལ་ཆེད་འགན་འཁུར་ཆེ་བཞེས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
“བོད་དོན་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་ལ་བརྟེན་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས་བཀའ་ཤག་ནས་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན་”ཞེས་བཀའ་ཤག་གིས་སྐུའི་འཁྲུངས་སྐར་ཉིན་བསྒྲགས་ཡོད་པ་རེད།
ཟླ་འདིའི་ཚེས་༦ ཉིན་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༡ དང་བོད་ལུགས་ལྟར་ན་དགུང་གྲངས་༨༢ ཕེབས་པའི་སྐུ་འཁུངས་སྐར་གྱི་མཛད་སྒོ་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ་གཙོས། སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་དང། ཚོགས་གཞོན་ཨརྱ་ཡེ་ཤེས་ཕུན་ཚོགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དྷ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང། ཉེ་འཁོར་གྱི་བོད་རིགས་མི་མང་བཅས་མཉམ་ཞུགས་བྱས་སོང།
དེ་ཡང་ཐོག་མར་ཞོགས་པར་ལྷ་རྒྱལ་རིར་བསང་གསོལ་བཏང་ཡོད་པ་དང། གཞུང་འབྲེལ་གྱི་མཛད་སྒོ་དངོས་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བཏང་ནས་འགོ་འཛུགས་བྱས་ཡོད་པ་རེད།
མཛད་སྒོའི་ཐོག་ལོ་ངོ་༢༥ ལས་མང་བ་སྲི་ཞུ་བའི་ལས་ཀ་བྱེད་མཁན་གསུམ་ལ་སྲིད་ཚབ་ཀྱིས་ལག་རྟགས་གནང་ཡོད་པ་དང། ཁྲིམས་ཞིབ་པ་ཆེན་པོས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་བཟང་བསྟན་འཛིན་གྱི་མི་ཚེའི་ལོ་རྒྱུས་རྒྱ་ཡིག་ཐོག་བསྒྱུར་བའི་དེབ་དང། བོད་དོན་རྒྱབ་སྐྱོར་བ་ཝི་ཇེ་ཀེ་རན་ཏིས་བརྩམས་པའི་ཏྰ་ལའི་བླ་མ་ཞི་བདེའི་ཕོ་ཉ་ཞེས་པའི་དེབ་དེ་ཧིན་ཡིག་ནང་བསྒྱུར་བའི་དེབ་གཉིས་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཤེས་རིག་ལས་ཁུངས་ཀྱིས་པར་སྐྲུན་བྱས་པའི་ཨང་རྩིས་སློབ་ཁྲིད་བྱེད་ཆེད་ཀྱི་གློག་བརྙན་ཟེར་སྡེར་དང། བོད་གཞུང་ཟློས་གར་གྱི་ཕྱི་ལོ་༢༠༡༦ ལོའི་དབྱར་སྐྱིད་ཀྱི་ཟེར་སྡེ་གཉིས་དབུ་འབྱེད་གནང་སོང།
དེ་བཞིན་བོད་གཞུང་ཟློས་གར་དང་། དྷ་སྟེང་དང་དྷ་ཤོད་བོད་ཁྱིམ་སློབ་གྲྭ ཡོངས་གླིང་སློབ་གྲྭ ནོར་གླིང་བུ་ཕྲུག་གསོ་སྐྱོང་ཁང། ཆོལ་ཁ་གསུམ་ནས་སྐུ་ཚབ་རེ་རེ་སོགས་ཀྱིས་གཞས་སྣ་ཁྲབ་སྟོན་བྱས་སོང་།
དྷ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་གིས་༧གོང་ས་མཆོག་ལ་བསྔགས་བརྗོད་དང་འབྲེལ་གསུང་དོན། དེ་རིང་ཁོ་ཚོས་མཛད་སྒོ་གྲུབ་རྗེས་སུ་མི་མང་ལ་རྒྱ་གར་གྱི་རྟེན་འབྲེལ་མཚོན་ཆེད་ཀྱི་མངར་ཟས་བཀྲམ་རྒྱུ་དང། རྒྱ་གར་གྱི་གྲོང་གསེབ་གཅིག་ལ་སྨན་སྦྱིན་གྱི་ལས་འགུལ། ༧གོང་ས་མཆོག་སྐུ་ཕྲེང་༡༤ པ་མཆོག་ནི་ཏྰ་ལའི་བླ་མ་སྐུ་ཕྲེང་རིམ་བློན་ནང་ཆེས་མཛད་འཕྲིན་ཆེ་ཤོས་ཡིན་པ་དང། དྷ་སའི་མི་མང་རྣམས་བསོད་ནམས་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
བཀའ་ཤག་གི་གཏམ་བཤད་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་སྒྲོགས་སྦྱང་གནང་བའི་ནང། གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། བཙན་བྱོལ་བོད་མིའི་ནང་མང་གཙོའི་སྒྲིག་འཛུགས་བཙུགས་པར་བཀའ་དྲིན་རྗེས་དྲན་དགོས་སྐོར་འཁོད་པ་དང་འབྲེལ། མ་འོངས་ལས་དོན་བྱེད་ཕྱོགས་སྐོར་འཁོད་དོན། “བར་སྐབས་རང་ཅག་ཆོལ་གསུམ་བོད་མི་རྣམས་ཀྱིས་ཆོལ་ཁའི་འཐེན་འཁྱེར་བསམ་པ་དང༌། བཤད་པ། ལག་ལེན་དུ་བསྟར་བ་བྱུང་ཡོད། ད་ཆ་རང་ཅག་རྣམས་ནས་ནོར་འཁྲུལ་གྱི་བྱ་སྤྱོད་འདི་དག་སྒོ་ཀུན་ནས་དོར་ཏེ་བོད་མིའི་རྩ་དོན་འཐོར་བཤིག་ཏུ་མི་འགྲོ་བའི་བྱ་བ་བསྒྲུབ་རྒྱུའི་ལས་འགན་ཡོད་པར་བརྟེན། ད་ནས་བཟུང་ཆོལ་ཁའི་འཐེན་འཁྱེར་སྐོར་བསམ་པ་དང་། བཤད་པ། བྱེད་པ་སོགས་མཐའ་གཅིག་ཏུ་མཚམས་འཇོག་གནང་དགོས། དེ་རིང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཉིན་མོར་བཀའ་ཤག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འགྱུར་གཞིའི་རིགས་གཏན་ནས་མི་ཡོང་བ་དང༌། རང་ཅག་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནས་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་པར་མ་ཟད། མང་ཚོགས་ནས་ཀྱང་ཆིག་སྒྲིལ་གྱི་གོང་བུའི་ནུས་སྟོབས་དང་བོད་མིའི་སྤྱི་མཐུན་བསོད་ནམས་གོང་ནས་གོང་དུ་འཕེལ་ཆེད་འགན་འཁུར་ཆེ་བཞེས་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།
བོད་ནང་གི་གནས་སྟངས་དང་འབྲེལ་ནས་འཁོད་དོན། “བོད་མིའི་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཡིད་ཆེས་བློ་གཏད་ཞུ་མཁན་བོད་ནང་གི་ཆོལ་གསུམ་མི་མང་རྣམས་ནི་རྒྱའི་བཙན་དབང་དྲག་གནོན་འོག་ཉིན་མཚན་མ་འཁྱོལ་པའི་འཇིགས་སྣང་དང་དངངས་སྐྲག་ངང་གནས་ཡོད་ན་ཡང་། ཆོལ་ཁ་གསུམ་གྱི་ཁུལ་ནས་ཆབ་སྲིད་བཙོན་པ་རྣམས་དང༌། རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་གྲངས་༡༤༤ བྱུང་བ་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་ངང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་གསལ་སྟོན་བྱས་པ་དང༌། ཉེན་ཁར་མ་འཛེམས་པར་བོད་ནང་གི་དགོན་སྡེ་དང༌། སློབ་གྲྭ ཞིང་འབྲོག་ས་ཁུལ་ཡོངས་སུ་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བ་དང་ྋསྐུ་ཕྱྭའི་ཞབས་རིམ་བསྒྲུབས་དང་སྒྲུབ་བཞིན་པ་རེད་”ཅེས་དང་། ༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཐོག་ནས་ཆེ་མཐོང་ཞུས་སྐོར་སོགས་འཁོད་ཡོད་པ་རེད། དེ་བཞིན་བཀའ་ཤག་གི་གཏམ་བཤད་ནང་། “བོད་དོན་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་ལ་བརྟེན་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས་བཀའ་ཤག་ནས་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན་”ཞེས་དང་། “རང་ཅག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཕྱིར་གངས་ཅན་པ་མི་རེ་ངོ་རེས་མགོན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་བླང་དོར་བཀའ་སློབ་སྩལ་བ་རྣམས་བཀའ་བཞིན་བསྒྲུབ་རྒྱུར་དུས་རྟག་ཏུ་འབད་བརྩོན་གནང་དགོས་པ་ནན་ཏན་ཆེན་པོས་སྐུལ་མ་ཞུ་རྒྱུ་དང༌། མགོན་པོ་མཆོག་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་དགུང་གྲངས་༡༡༣བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་བཞིན་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་འཕྲིན་ལས་ཀྱི་འོད་སྣང་རྒྱུན་མི་ཆད་དུ་སྩོལ་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།
སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་སྤྱི་འཐུས་ཚོགས་གཞོན་ཨརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྒྲོགས་སྦྱང་གནང་བའི་ནང་། ༧གོང་ས་མཆོག་གི་མཛད་འཕྲིན་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོང་སེལ་ཐབས་སུ་སྐུ་ལས་བསྐྱོན་པ། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཁོར་ཡུག་གཏོར་སྐྱོན་དང་བོད་མིར་རྡུང་རྡེགས་བྱས་པ་དང་འབྲེལ་ནས་འཁོད་དོན་ “ ཉེ་སྔོན་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་གོང་སྔོན་བླ་རིར་གཏེར་ཁ་སྔོག་འདོན་བྱས་པར། ས་གནས་མི་མང་གིས་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་གཏེར་ཁ་སྔོག་ཡུལ་དུ་བཏང་སྟེ་དྲག་གནོན་རྡུང་རྡེག་གིས་ཡུལ་མི་མང་པོོར་རྨས་སྐྱོན་ཚབས་ཆེན་དང། སྨན་ཁང་དུ་ཉེན་སྐྱོབ་བྱེད་དགོས་པའི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད། ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ས་གནས་སྲིད་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱིས་མཚོ་སྔོན་པོའི་མཐའ་སྐོར་གྱི་བོད་རིགས་ཡུལ་མི་ཚོས་ཡུལ་སྐོར་བར་སྣེ་ལེན་བྱེད་སའི་གུར་ཕུབ་མི་ཆོག་པའི་བཙན་བཀའ་བཏང་སྟེ་དམག་མི་དང་། ཉེན་རྟོག་པས་གང་བྱུང་རྡུང་བརྡེག་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། དེ་བཞིན་སྡེ་དགེ་སྨན་ཤོད་དུ་རྒྱ་རིགས་ཚོང་པ་ཚོས་ཤིང་ནགས་རི་ངོས་སུ་ལྕགས་རྙི་བཙུགས་ཏེ་རི་དྭགས་གླ་བ་ལྐོག་གསོད་བྱེད་བཞིན་པ་ཤེས་རྟོགས་བྱུང་འཕྲལ་ས་གནས་གཞུང་ལ་ཞུ་གཏུགས་བྱས་ཡོད་ཀྱང་ཡ་ལན་ཇི་བཞིན་བྱས་མེད་པའི་གནས་ཚུལ་བྱུང་འདུག རྒྱ་གཞུང་གིས་བོད་ནང་གི་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དང་། རིག་གཞུང་རྒྱུན་འཛིན་གནང་མཁན་སོགས་རྒྱུ་མཚན་ཁ་གསལ་ཡོད་མེད་ལ་མ་ལྟོས་པར་རང་སྣང་གང་འདོད་ཀྱིས་འཛིན་བཟུང་བཀག་ཉར་གྱིས་དམ་དྲག་བྱས་དང་བྱེད་བཞིན་པ་ལྟར། ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ཟི་ལིང་གནམ་གྲུ་བབ་ཐང་དུ་རྒྱུ་མཚན་ཁ་གསལ་གང་ཡང་མེད་པར་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་དང་། རྩོམ་པ་པོ་ཡིན་པའི་སྐུ་ཞབས་པདྨ་ཚེ་བརྟན་ལགས་འཛིན་བཟུང་བཀག་ཉར་གྱིས་རྡུང་རྡེག་བཏང་སྟེ་ཁོང་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཏེ་སྨན་ཁང་དུ་སྐྱེལ་དགོས་ཆགས་ཡོད་པ་ལྟ་བུ་ཡིན། མདོར་ན་བོད་ནང་རྒྱ་ནག་གཞུང་གིས་ཡར་རྒྱས་ལ་བསྙད་པའི་ལས་གཞི་ཇི་སྙེད་ཅིག་སྤེལ་དང་སྤེལ་བཞིན་པའི་མཇུག་འབྲས་སུ་འཛམ་གླིང་སྤྱི་དང་། ཁྱད་པར་ལྷོ་ཤར་ཨེ་ཤི་ཡ་དང་བྱེ་བྲག་ཏུ་བོད་ཀྱི་སྣོད་བཅུད་ལ་གནོད་སྐྱོན་ཚབས་ཆེ་འབྱུང་ངེས་པས་ཚང་མས་ཐུགས་སྣང་མི་ཆུང་བ་གནང་གལ་ཤིན་ཏུ་ཆེ་བའི་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དུས་སྐབས་དང་བསྟུན་ནས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།”ཞེས་འཁོད་འདུག
མཐའ་མར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་མིའི་ཡ་རབས་བཟང་སྤྱོད་མི་ཉམས་གཅེས་འཛིན་དགོས་རྒྱུ་དང་། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ངང་མགོན་པོ་གང་གི་རླབས་ཆེན་གྱི་དགོངས་གཞི་ལྟར་ཤར་བསྐྱོད་ཐུབ་པའི་དམ་བཅའ་བརྟན་བཟུང་ཞུ་རྒྱུ་ནི་བོད་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིར་ཚང་མས་དམ་འཛིན་གནང་དགོས་པ་དོན་གྱི་སྙིང་པོ་ཞིག་ཡིན་པས་ཀུན་གྱིས་ཡིད་གཟབ་གནང་གལ་ཆེ་བའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡོད་སྐོར་དང་། རྒྱ་གར་གཞུང་མང་གཉིས་དང་བོད་དོན་རྒྱབ་སྐྱོར་ཚོ་བཀའ་དྲིན་ཆེན་པོ་ཡིན་སྐོར་བཅས་བཀོད་འདུག
༧གོང་ས་མཆོག་གི་འཁྲུངས་སྐར་དེ་ཉིད་ཨེ་ཤི་ཡའི་ཉི་ཧོང་དང་ཐའེ་ཝན་སོགས་ལ་སྲུང་བརྩི་སྔོན་ནས་བྱས་ཟིན་ཡོད་པ་དང། ནུབ་ཕྱོགས་ཡུལ་གྲུ་ཁ་ཤས་ལ་རེས་གཟའ་སྤེན་པ་ཉིན་ཞུ་རྩིས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།