ཆིངས་ཡིག་དོན་ཚན་༡༧ བཞག་ནས་མི་ལོ་༧༤ འཁོར་བ་དང་བསྟུན་དེ་འབྲེལ་གྱི་བགྲོ་གླེང་ཞིག་འཚོགས་སོང་། 

རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ཆིངས་ཡིག་དོན་ཚན་༡༧ ཟེར་བ་ཞིག་འཇོག་བཅུག་ནས་མི་ལོ་༧༤ འགྲོ་བཞིན་ཡོད་པ་བསྟུན་ནས། རྡ་སའི་ས་གནས་གཞོན་ནུས་གོ་སྒྲིག་ཞུས་པའི་བཙན་འོག་གི་གྲོས་མཐུན་དོན་ཚན་༡༧ གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་སོང་། 

ཕྱི་ཚེས་༢༣ ཉིན་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ཆིངས་ཡིག་དོན་ཚན་༡༧ ཟེར་བ་ཞིག་འཇོག་བཅུག་ནས་མི་ལོ་༧༤ འཁོར་བ་དང་སྟབས་བསྟུན་ནས་བཙན་འོག་གི་གྲོས་མཐུན་དོན་ཚན་༡༧ གླེང་བ་ཞེས་པའི་བགྲོ་གླེང་ཞིག་རྡ་སའི་མེག་གྷན་བདེ་དོན་ཚོགས་ཁང་དུ་ས་གནས་བོད་ཀྱི་གཞོན་ནུ་ནས་གོ་སྒྲིག་ཞུས་འདུག་པ་དང་། བགྲོ་གླེང་འདིའི་གཏམ་བཤད་པ་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་བཅས་ཕེབས་འདུག་ལ། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམ་པ་དང་། གཞན་ཡང་རྡ་སའི་ཁུལ་དུ་གནས་བཞུགས་སེར་སྐྱ་མི་མང་མང་པོ་མཉམ་ཞུགས་གནང་འདུག སྐབས་དེར་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་ཆིངས་ཡིག་དོན་ཚན་༡༧ དང་འབྲེལ་ནས་གཏམ་བཤད་གནང་སོང་ལ། ཁོང་གིས་རྒྱ་ནག་དམར་ཤོག་གཞུང་དེ་ཕྱི་ལོ་༡༩༤༩ ཟླ་བ་༡༠ པའི་ཚེས་༡ ཉིན་འགོ་བཙུགས་རྗེས། རྒྱ་ནག་གི་སྲིད་འཛིན་མོའུ་ཡིས་བོད་དེ་བཅིངས་བཀྲོལ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཏེ། བོད་ཀྱི་ཕྱོགས་བཞི་ནས་རྒྱ་ནག་གི་དམག་དཔུང་བཏང་ནས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་༡༩༥༡ ཟླ་བ་༤ པའི་ནང་བོད་མིའི་སྐུ་ཚབ་མི་ལྔ་རྒྱ་ནག་ལ་ཕྱིན་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་ཡོང་ཐབས་བྱས་ཡོད་ཀྱང་། གནམ་གྱིས་ས་བཀབ་པ་ལྟར་ཐབས་ཤེས་གང་ཡང་མེད་པར་གྱུར་ནས་མཐར་བཙན་དབང་ཐོག་ནས་ད་ལྟ་ཡོངས་གྲགས་སུ་ཆིངས་ཡིག་དོན་ཚན་༡༧ ཟེར་བ་དེ་བཞག་ཡོད་པར་བརྗོད་སོང་། དུས་སྐབས་དེ་འདྲ་བོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་དུས་༧གོང་ས་མཆོག་ལ་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཕྱག་ལ་ཕུལ་ཡོད་པ་དང་། སྤྱིར་བཏང་བོད་དེ་རྒྱ་ནག་གི་བཙན་དབང་འོག་ཏུ་ཤོར་ཡོད་ཀྱང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་བཀའ་ཤག་གི་ཐམ་ཀ་གཉིས་རྒྱ་ནག་ལ་ཤོར་མེད་པར་རྒྱ་གར་ལ་འཁྱེར་ཐུབ་ཡོད་པར་བརྟེན། ས་ཆ་ཤོར་ཡོད་ཀྱང་། ད་དུང་འཐབ་རྩོད་བྱས་ན་རྩོད་རྒྱུའི་གཞི་ཆེན་པོ་ཞིག་ང་ཚོའི་ལག་ནང་ཡོད་པར་བརྗོད་སོང་ལ། ད་ལྟ་ང་ཚོའི་བཙན་བྱོལ་ནང་དུ་ཡོད་པའི་སྲིད་སྐྱོང་ལ་དབང་ཆ་ཚང་མ་ཡོད་དམ་མེད་ཅེས་པའི་གཞི་འཛིན་ས་དེ་བོད་ནས་ཁྱེར་ཡོང་བའི་བཀག་ཤག་གི་ཐམ་ཀ་དེ་ལ་ཐུག་ཡོད་པས། མ་འོངས་པར་རྩོད་པ་བརྒྱབ་ན་ད་དུང་ཆབ་སྲིད་ཀྱི་ཐོག་ནས་རྩོད་པ་རྒྱག་རྒྱུ་ཡོད་པར་བརྗོད་སོང་།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ནས་ཆིངས་ཡིག་དོན་ཚན་༡༧ ནི་བཙན་དབང་ཐོག་ནས་བཞག་ཡོད་པ་དང་། སྐབས་དེ་དུས་བོད་ཀྱི་སྐུ་ཚབ་ཚོ་ལ་ཡིག་ཆའི་ཐོག་ལ་མཚན་རྟགས་མ་བཀོད་ན་དྲག་པོའི་ཐོག་ནས་བོད་ལ་བཅིངས་བཀྲོལ་གཏོང་རྒྱུ་ཡིན་ཚུལ་དང་། མཚན་རྟགས་བཀོད་ན་ཞི་བའི་ཐོག་ནས་བཅིངས་བཀྲོལ་གཏོང་རྒྱུ་ཡིན་ཚུལ་བརྗོད་ནས་བོད་པའི་སྐུ་ཚབ་ཚོ་ལ་འཇིགས་སྐུལ་དང་བཙན་གནོན་བྱས་ཡོད་པར་བརྗོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་དུས་ད་ལྟ་ཡིན་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆིངས་ཡིག་དོན་ཚན་༡༧ ལ་ངོས་ལེན་མེད་པ་དང་བཙན་དབང་ཐོག་བཞག་ཡོད་པའི་ངོས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཡོད་མ་རེད་ཅེས་བརྗོད་སོང་། 

བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ནས་ཆིངས་ཡིག་དོན་ཚན་༡༧ གྱི་རྒྱབ་ལྗོངས་སུ་ཆབ་སྲིད་ག་རེ་ཡོད་མེད་ཀྱི་སྐོར་བཤད་དོན་ལ། དོན་ཚན་༡༧ བཞག་ནས་མི་ལོ་༩ ཡི་རྗེས་སུ་དོན་ཚན་༡༧ ནང་དུ་ཡོད་པའི་དོན་ཚན་ཆ་ཚང་རྩ་མེད་བཏང་ཡོད་པ་དང་། དེ་དག་རྩིས་མེད་བཏང་ནས་༧གོང་ས་མཆོག་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་ཅིང་། མཐར་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཡོད། དེ་རྗེས་ཕྱི་ལོ་༡༩༨༠ ཙམ་བར་དུ་རྒྱ་ནག་གཞུང་ནས་བོད་དེ་ཕྱིའི་རྒྱལ་ཁབ་ཀྱི་བཙན་དབང་ནས་ཞི་བའི་བཅིངས་བཀྲོལ་བཏང་ཡོད་ཚུལ་བརྗོད་ཡོད། ཕྱི་ལོ་༡༩༩༠ ནང་བོད་མི་ཚོའི་འཚོ་བའི་གནས་སྟངས་སྐྱོ་པོ་ཡོད་པར་བརྟེན། རྒྱ་ནག་གཞུང་ནས་བོད་མིའི་འཚོ་གནས་ལ་རོགས་རམ་བྱས་པའི་རྐྱེན་གྱིས་བོད་མི་ཚོས་རྒྱ་ནག་ལ་དགའ་བསུ་བྱེད་ཀྱི་ཡོད་ཚུལ་དང་། དེ་རྗེས་ཕྱི་ལོ་༢༠༠༠ རྗེས་རྒྱ་ནག་གཞུང་ནས་བོད་དེ་གནའ་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་སོགས་འགྲེལ་བཤད་མི་འདྲ་བ་མང་པོ་ཞིག་རྒྱག་བཞིན་ཡོད་པ་དང་། ད་བར་རྒྱ་ནག་ཁྱོན་ཡོངས་ལ་འགྱུར་བ་ཞིག་འགྲོ་གི་ཡོད་པས། མ་འོངས་པར་ང་ཚོ་ལ་རེ་བ་ཆེན་པོ་ཡོད་པར་བརྟེན། ང་ཚོས་འཐབ་རྩོད་མུ་མཐུད་ནས་བྱེད་དགོས་པར་བརྗོད་སོང་། 

འབུམ་རམས་པ་བློ་བཟང་དབྱངས་མཚོ་ནས་ད་ལྟའི་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྲིད་བྱུས་གང་འདྲ་ཞིག་འཛིན་བཞིན་ཡོད་མེད་དང་། བོད་མིའི་ནང་ཁུལ་དུ་རྒྱ་ནག་གིས་མཐུན་སྒྲིལ་གཏོར་གཤིག་གང་འདྲ་གཏོང་གི་ཡོད་མེད། བོད་ནང་དུ་ཡོད་པའི་དགོན་སྡེ་ཁག་ནང་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་གཏན་འཇགས་ལས་བྱེད་བཞག་ནས་གྲྭ་བཙུན་རྣམས་ལ་དམ་དྲག་གང་འདྲ་བྱེད་བཞིན་ཡོད་མེད་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།