ཆུ་གླང་རྩ་ཚིག་དང་བོད་རང་བཙན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༨༢  ཕྱི་ལོ་ ༢༠༢༢/༢ /༡༦

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་སྤེལ་བའི་དུས་ཚེས་དེ། བོད་རང་བཙན་གྱི་ཉིན་མོ་རུ་ངོས་འཛིན་གྱིས་སྲུང་བརྩི་བྱེད་མཁན་འདུག་ལ། ཡང་ཁག་ཅིག་གིས་”དེང་སྐབས་ན་གཞོན་འགའ་ཞིག་ནས་ཆུ་གླང་རྩ་ཚིག་དེ་བོད་རང་བཙན་གྱི་གསལ་བསྒྲགས་ཡིན་ཟེར་བ་དང་། ཡང་རེ་ཟུང་ནས་ཧ་ཅང་ཤེས་མདོག་གིས་རང་བཙན་བསྐྱར་ནན་གསལ་བསྒྲགས་ཡིན་ཞེས་མགོ་བོ་མཐོན་པོར་འཛིན་པ་དང་མིག་གིས་རྒྱང་ལ་ལྟ་ཁུལ་བྱེད་པའི་རྣམ་འགྱུར་སྟོན། འོན་ཀྱང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཡིན་ན། དེའི་ནང་མགོ་མཇུག་བར་གསུམ་དུ་རང་བཙན་གྱི་ཚིག་གཅིག་ཀྱང་མེད་པ་གང་ཡིན་ནམ། ལྷག་ཏུ་ཆུ་གླང་ལོའི་ལོ་རྗེས་མ་ཤིང་སྟག་ལོར་སིམ་ལར་ཇི་ལྟར་བྱས་ཏེ་བོད་གཞུང་སྐུ་ཚབ་ནས་མིང་ཙམ་གྱི་རྒྱ་མིའི་མངའ་ཁོངས་ཡིན་པ་ཁས་ལེན་དང་། བོད་ཕྱི་ནང་གཉིས་བཟོས་བ་ལ་མིང་རྟགས་དང་ཐམ་ཀ་ཕབ་དགོས་དོན་གང་ཡིན་ནམ།”ཞེས་དོགས་སློང་གི་ཐོག་ནས་བོད་རང་བཙན་གསལ་བསྒྲགས་མ་ཡིན་པའི་རྣམ་འགྱུར་སྟོན་མཁན་ཡང་བྱུང་ཡོད།

ཆུ་གླང་རྩ་ཚིག་བོད་རང་བཙན་གསལ་བསྒྲགས་སུ་ངོས་འཛིན་མི་བྱེད་པར། དེ་ལ་དོགས་སློང་བྱེད་མཁན་དག་ནི་དེང་སྐབས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་ལྟ་བུ་སྒྲུབ་གང་ཐུབ་བྱེད་མཁན་དང་། མ་འོངས་པར་བོད་དེ་དབུ་མའི་ལམ་བརྒྱུད་རྒྱ་ནག་གི་ཆ་ཤས་བྱས་ནས་སྡོད་རྒྱུའི་འཆར་གཞི་དེ་ཡང་། འདས་པའི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ལྟ་བུའི་གཏམ་བཤད་བྱེད་མཁན་དང་། རྩོམ་ཡིག་སྤེལ་མཁན་ཡོང་གི་ཡོད་པ་ནི། འདས་པའི་མི་ལོ་༢༠ ཙམ་གྱི་རིང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་མང་དྲགས་པ་དེ་ལ་བརྟེན་ནས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུའང་འདི་ལྟ་བུའི་བསམ་ཚུལ་བརྗོད་རྒྱུར་འཛེམས་ཟོན་མི་དགོས་པ་ཆགས་པ་རེད། འོན་ཀྱང་དེ་ལྟར་བརྗོད་མཁན་ཕལ་ཆེ་བ་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྒྱ་ཆེ་བ་རྣམས་ལྟ་ཅི། ཉེ་དུས་ཀྱི་ལོ་རྒྱུས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚེ་སྟོད་ཀྱི་རང་རྣམ་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>ཙམ་ཡང་དཔེ་ཀློག་མ་མྱོང་མཁན་ཞིག་ཡིན་པ་གསལ་པོར་གྱུར་ཡོད། 

དོན་དངོས་སུ་ཆུ་གླང་རྩ་ཚིག་དེ་བོད་རང་བཙན་གསལ་བསྒྲགས་སུ་ངོས་སུ་འཛིན་བྱེད་མཁན་དེ་དེང་སྐབས་ཀྱི་ན་གཞོན་འགའ་ཞིག་ཙམ་མ་ཡིན་པར། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་”རྒྱ་མིའི་དཔུང་དམག་མཐར་སྐྲོད་སྐབས་ཏཱ་ལའི་བླ་མ་རྒྱ་གར་ནས་ཕྱིར་ཕེབས་ཀྱིས་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་ཞིང༌། ཡིག་ཆ་དེ་ལ་སྔར་རྒྱ་ནག་དང་མཆོད་ཡོན་འབྲེལ་སྐབས་སུ་གོང་མས་ཕུལ་བའི་དམ་ཕྲུག་དེ་མིན་པར་བོད་ལྗོངས་ལྷ་མིས་ཕུལ་བའི་གསེར་ཐམ་ཆེན་མོ་ཕབ། སྔར་བོད་ཀྱི་ཡིག་ཆ་འགར་གོང་མའི་བཀའི་ལུང་གིས་ས་སྟེང་༧རྒྱལ་བསྟན་གྱི་བདག་པོ་ཏཱ་ལའི་བླ་མ་ཞེས་པ་སངས་རྒྱས་ཀྱི་བཀའ་ལུང་གིས་ས་སྟེང་༧རྒྱལ་བསྟན་གྱི་བདག་པོ་ཞེས་པར་བསྒྱུར་བཅོས་གནང༌།”ཞེས་འཁོད་ཡོད་པ་འདིའི་ཐོག་ནས་ཆུ་གླང་རྩ་ཚིག་འདི་ཉིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཕེབས་ནས་ལོ་ཤས་རྗེས་བྲིས་གནང་ཡོད་པ་ལས། ཉེ་དུས་ན་གཞོན་ཁག་ཅིག་གིས་སྔོན་མེད་གསར་སྤྲོས་བྱས་པ་ཞིག་མ་རེད།

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གསལ་བསྒྲགས་ལ་རྗེས་དྲན་དང་། དུས་ཚོད་དེ་བོད་རང་བཙན་གྱི་ཉིན་མོར་སྲུང་བརྩི་བྱས་པ་དེ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་མ་གུས་པའམ། ཡང་ན་འགྲན་སློང་པ་ལྟ་བུ་ཡིན་པར་ངོས་འཛིན་བྱས་པའི་ལྟ་བུའི་གཏམ་བརྗོད་སྤེལ་མཁན་གནད་ཡོད་མི་སྣ་དང་། མི་དཀྱུས་མ་རེ་ཟུང་ཡང་བྱུང་ཡོད། མི་དེ་དག་གི་སེམས་གཏིང་ནས་དེ་ལྟ་བུ་དྲན་པ་ཞིག་ཡིན་པའི་དབང་དུ་བཏང་ན། ༧རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་སྐྱེ་བའི་ཕྲེང་བ་གཅིག་ཡིན་པའི་ཆ་ནས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་གང་ཡིན་ཡང་གཅིག་ཏུ་བརྩི་དགོས་པ་མ་ཟད། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བར་གྱི་མཛད་རྣམ་ཀྱང་དེ་དང་གཅིག་མཚུངས་ཡིན། གལ་སྲིད་སྐུ་ཕྲེང་བཅུ་གསུམ་པར་རྗེས་དྲན་ཞུས་པ་དེ་བཅུ་བཞི་པར་མ་གུས་པ་ལྟ་བུར་ངོས་འཛིན་བྱས་ན། མི་དེ་དག་གིས་༧རྒྱལ་མཆོག་བཅུ་བཞི་པ་དེ་བཅུ་གསུམ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མ་ཞུས་པ་ལྟ་བུར་གྱུར་ཡོད།

ད་ལྟའི་དུས་འདིར་མི་མང་པོ་ཞིག་གིས་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་དག་༧གོང་ས་མཆོག་ལ་གུས་བཀུར་མི་བྱེད་མཁན་དང་། ཐ་ན་སྐུར་འདེབས་བྱེད་མཁན་ཡིན་ཚུལ་སྒྲུབ་གང་ཐུབ་བྱེད་བཞིན་པའི་དུས་ཚོད་ཅིག་ཡིན་པས། གོང་གི་གནད་དོན་དེ་ཡང་སེམས་གཏིང་ནས་དྲན་པ་ཞིག་མིན་ཡང་། མི་རེ་ཟུང་ཞིག་ནག་པོ་བཟོ་རྒྱུའི་ཀུན་སློང་ཙམ་ཡིན་ན་ནི། དེ་ལ་རྒྱུ་མཚན་དང་གནས་ལུགས་ཀྱིས་གསལ་པོ་བཟོ་ཐུབ་པ་ཞིག་གཏན་ནས་མིན། གང་ལྟར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྤེལ་གནང་བའི་ཆུ་གླང་རྩ་ཚིག་གམ། བོད་རང་བཙན་གསལ་བསྒྲགས་འདི་ཉིད་བོད་ཀྱི་ལོ་རྒྱུས་ཐོག་ནས་ཡིག་ཆ་གལ་ཆེ་ཤོས་ཤིག་ཡིན་པ་དང་། འདི་ལ་ཚིག་འདྲ་མིན་སྣ་ཚོགས་བེེད་སྤྱོད་བྱེད་མཁན་ཡོད་ནའང་། དོན་དུ་གོང་ས་མཆོག་གིས་“རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་”ཞེས་གསུངས་པ་ལྟར་ངོས་འཛིན་བྱས་ན་དེ་ལ་ནོར་འཁྲུལ་གང་ཡང་མེད་པར། བོད་རང་བཙན་གྱི་གསལ་བསྒྲགས་དེ་འདས་དང་མ་འོངས་ད་ལྟ་ཚང་མ་ལ་གོ་ཆོག་པས་ཚིག་བཅོས་མང་པོ་དགོས་དོན་གང་ཡང་མེད།།