ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་ལ་ཚུད་ཡོད་འདུག

གཞན་ཕན་ཁྱིམ་གསར་གྱིས་འཁྲབ་ཁྲིད་བྱས་ཤིང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ཀྱིས་བཟོ་སྐྲུན་བྱས་པའི་༧གོང་ས་མཆོག་དང་བོད་པའི་འཐབ་རྩོད་བ་ཚོ་རྒྱ་གར་དུ་བཙན་བྱོལ་ལ་གང་འདྲ་ཡོང་ཡོད་མེད་ཀྱི་གློག་བརྙན། ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་(Rotterdam)རོ་ཌིར་ཌམ་རྒྱལ་སྤྱིིའི་གློག་བརྙན་དུས་སྟོན་ཐེངས་ ༥༤ པའི་ནང་ཚུད་ཡོད་འདུག 

ཕྱི་ཟླ་༡ ཚེས་༣༠ ནས་ཕྱི་ཟླ་༢ ཚེས་༩ བར་ཡུ་རོབ་ཀྱི་རྒྱལ་ཁབ་(Netherlands)ནེ་ཐིར་ལན་ཌིའི་(Rotterdam)རོ་ཌིར་ཌམ་གྲོང་ཁྱེར་དུ། རོ་ཌིར་ཌམ་རྒྱལ་སྤྱིིའི་གློག་བརྙན་དུས་སྟོན་ཐེངས་ ༥༤ པ་འཚོག་གཏན་ཁེལ་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་  ༥༠༠ ཙམ་མཉམ་ཞུགས་བྱས་ཏེ་གཟིགས་འབུལ་ཞུ་འཆར་ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་བདམས་ཐོན་བྱུང་སྟེ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

གློག་བརྙན་དེའི་སྐོར་ལ་གློག་བརྙན་འཁྲབ་ཁྲིད་པ་གཞན་ཕན་ཁྱིམ་གསར་གྱིས་རང་ཉིད་ཀྱི་ངོ་དེབ་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་པའི་འཐབ་རྩོད་བ་རྣམས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་ལོ་རྒྱུས་གལ་ཆེན་འདི། བོད་མི་རྣམས་ཀྱིས་གློག་བརྙན་བརྒྱུད་ནས་ཐེངས་དང་པོར་གླེང་སློང་བྱེད་བཞིན་ཡོད་པས། གལ་གནད་ཆེ་བའི་ལོ་རྒྱུས་འདི་གསལ་སྟོན་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ།  བོད་ནི་རྒྱ་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་ཏེ། བཙན་གྱིས་རྒྱ་ནག་གི་ཆ་ཤས་སུ་སྒྱུར་བཞིན་ཡོད་ཀྱང་། བོད་པའི་བཟང་སྤྱོད་དང་། ཆོས་ཕྱོགས། སེམས་ཚོར་སོགས་ཀྱི་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་གྱུར་མེད་ལ་མ་འོངས་པའང་འགྱུར་མི་སྲིད། ང་ཚོས་རོ་ཌིར་ཌམ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྙིང་སྟོབས་དང་དྲང་བདེན། རང་དབང་གི་གློག་བརྙན་བཟོ་སྐྲུན་པ་བཅས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

གློག་བརྙན་ཆུ་བཞི་སྒང་དྲུག་ནི་ཁྱིམ་གསར་གཞན་ཕན་གྱིས་རྩོམ་འབྲི་དང་འཁྲབ་ཁྲིད་བྱས་ཡོད་པ་དང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ནས་བཟོ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་དེའི་ནང་ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་བྷི་རཱན་ཌོན་(Brandon Cox)་དང་། རྒྱ་གར་དང་བལ་ཡུལ་གྱི་བརྙན་ལེན་པ་གྲགས་ཅན་ཁག་ཅིག་གིས་བརྙན་བླངས་ཡོད་འདུག  གློག་བརྙན་དེ་ཕབ་སྐྲུན་བྱེད་ས་གཙོ་བོ་ནི་བལ་བོད་གཉིས་ཀྱི་ས་མཚམས་གློ་སྨོན་ཐང་ཁུལ་དུ་ཡིན་པ་དང་། གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་གཙོ་བོ་བོད་པ་ཡིན་འདུག གློག་བརྙན་དེར་ཁྱོན་ལེའུ་བཞི་ཡོད་པའི་ཁྲོད་ལེའུ་དང་པོ་འདས་ལོའི་ཕྱི་ཟླ་ ༥ པའི་ནང་འགྲེམས་སྤེལ་བྱས་ཡོད་འདུག

(Rotterdam)རོ་ཌིར་ཌམ་རྒྱལ་སྤྱིིའི་གློག་བརྙན་དུས་སྟོན་གྱི་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་ངོ་སྤྲོད་ནང་། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས། ང་ཚོའི་ས་ཆ་དང་། ང་ཚོའི་ཆོས་ལུགས། ང་ཚོའི་རིག་གཞུང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་བཅས་ལ་ཉེན་ཁ་ཆེན་པོ་འདུག་ཅེས་བོད་ཀྱི་མི་མང་འཐབ་རྩོད་པ་ཚོའི་ཚོགས་འདུའི་ཐོག་ཉེན་བརྡ་བཏང་ཡོད་པ་རེད།  དེ་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་བཅིངས་གྲོལ་དམག་དཔོན་ཐན་ཟེར་བའི་བཀོད་འདོམས་འོག་བོད་མི་ངོ་རྒོལ་བ་རྣམས་སྙིང་རྗེ་མེད་པར་དམར་གསོད་བྱས་པ་མ་ཟད། དགོན་སྡེ་ཁག་གཏོར་བཤིག་བཏང་སྟེ་བོད་ཀྱི་ས་ཆར་བཙན་བཟུང་དམ་དྲག་བྱས། མགོན་པོ་བཀྲ་ཤིས་དང་བོད་པའི་འཐབ་རྩོད་པ་རྣམས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་དང་རང་དབང་ཆེད་དུ་མེ་མདའི་ཁ་གཏད་བཅག་ཡོད་པ་རེད་ཅེས་བཀོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།