ཆུ་བཞི་སྒང་དྲུག་ཟེར་བའི་གློག་བརྙན་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གི་ཐོག་རོལ་དབྱངས་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

བོད་པའི་གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་གྱིས་བཟོ་སྐྲུན་བྱས་པའི་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་ལ་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་འདུག་པ་དང་། གློག་བརྙན་དེ་ནི་༧གོང་ས་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཇི་ལྟར་ཕེབས་ཡོད་མེད་སོགས་ཀྱི་ལོ་རྒྱུས་གློག་བརྙན་ཞིག་ཡིན་འདུག
ཁ་སང་ཕྱི་ཚེས་༢༨ ཉིན་གཞན་ཕན་ཁྱིམ་གསར་གྱི་སྤྱི་ཚོགས་དྲྭ་རྒྱའི་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་བ་འདིིའི་ཕྱི་ཚེས་༢༡ ནས་༢༧ བར་ཨ་རིའི་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Julien Dubuque International Film Festival)་ཟེར་བ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་ཆུ་བཞི་སྒང་དྲུག་ཟེར་བའི་བོད་པའི་གློག་བརྙན་དེ་སྟོན་རྒྱུའི་གོ་སྐབས་བྱུང་ཡོད་འདུག་པ་བཞིན། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་ཐོག་ཏུ་བོད་པའི་གློག་བརྙན་ཆུ་བཞི་སྒང་དྲུག་ཟེར་བ་བོད་པའི་ལོ་རྒྱུས་གློག་བརྙན་དེའི་རོལ་དབྱངས་ལ་རོལ་དབྱངས་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག གློག་བརྙན་དེའི་རོལ་དབྱངས་བཟོ་མཁན་ནི་བལ་ཡུལ་གྱི་རོལ་དབྱངས་བཟོ་མཁན་གྲགས་ཅན་(Rohit Shakya)ཟེར་བ་ཁོང་དང་། རྒྱ་གར་ལྷོ་ཕྱོགས་ཅེ་ནེ་ནས་ཡིན་པའི་སྒྲ་སྒྲིག་སྦྱོར་བ་(Soorya Musiq)་ཟེར་བ་གཉིས་དང་ལྷན་དུ་མཉམ་ལས་བྱས་ནས་བཟོས་ཡོད་པར་བརྗོད་འདུག
དེ་བཞིན་རོལ་དབྱངས་དེ་དག་ནི་བོད་པའི་རོལ་དབྱངས་ཡིན་པས་བལ་ཡུལ་ནང་དུ་ཡོད་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་པ་ནས་མཐུན་སྦྱོར་རོགས་རམ་ཕོན་ཆེན་གནང་ཡོད་འདུག་པས། གཞན་ཕན་ཁྱིམ་གསར་ནས་ཐུགས་རྗེ་ཆེ་ཞུས་འདུག གཞན་ཕན་ཁྱིམ་གསར་ནི་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་བོད་པའི་གཞིས་ཆགས་སུ་སྐྱེས་ཡོད་འདུག་ཅིང་། ཁོང་ཆུང་དུས་ནས་རྒྱ་ནག་གིས་བོད་རང་བཙན་འཕྲོག་པར་སེམས་སྡུག་ཆེན་པོ་བྱེད་མཁན་ཞིག་ཡིན་པ་དང་། བོད་པའི་མི་རབས་རྒན་པ་རྣམས་རང་གི་ཕ་ཡུལ་མ་མཐོང་ནས་མི་ཡུལ་ལུང་པར་འདས་གྲོངས་སུ་འགྱུར་བཞིན་པ་མཐོང་དུས་རང་བཞིན་གྱིས་སེམས་ལ་སྐྱོ་སྣང་དང་མི་བདེ་བ་ཡོང་ནས། ཆུང་དུས་སུ་རོལ་དབྱངས་ཀྱིས་ཁོང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅིང་། རོལ་དབྱངས་ཀྱིས་ཁོང་གི་སེམས་ལ་སྟོབས་ཤུགས་ཤིག་སྦྱིན་ཡོད་པར་བརྗོད་འདུག ད་དུང་ཁོང་གིས་བོད་རང་བཙན་ཤོར་བའི་རྐྱེན་གྱིས་བོད་པ་མང་པོ་ཞིག་གཞན་གྱི་ས་ཆར་བཙན་བྱོལ་བྱས་ནས་སྡོད་དགོས་ཀྱི་ཡོད་པ་དང་། རང་ཡུལ་དུ་ལོག་མི་ཐུབ་པར་བརྟེན། དེ་དག་གི་ཤུགས་རྐྱེན་གྱིས་ཁོང་གི་སེམས་ལ་མི་སྐྱིད་པ་དང་། གཤིས་ཀ་ལ་རང་བཞིན་གྱིས་མི་གྱོང་པོར་གྱུར་ནས་ཁོང་ཁྲོ་ཚ་བོ་ཡོད་པར་བརྗོད་འདུག འོན་ཀྱང་། དུས་རྒྱུན་ནས་བོད་དང་ཧི་མ་ལ་ཡའི་ས་ཁུལ་གྱི་མི་མང་རྣམས་ཀྱིས་ད་བར་བྱེད་མི་ཐུབ་པའི་བྱ་བ་ཞིག་བྱེད་རྒྱུའི་འདུན་པ་དང་། དེ་ནི་རང་ཉིད་ཀྱི་མཚན་སྙན་གྲགས་ཆེད་དུ་མ་ཡིན་པར། བོད་པ་སྤྱི་དང་བཙན་བྱོལ་བོད་མི་རྣམས་ཀྱི་ཆེད་དུ་ལས་དོན་ཞིག་བྱ་འདོད་ཡོད་པ། དམིགས་བསལ་བོད་པའི་ན་གཞོན་ཚོའི་ཆེད་དུ། ཁོང་ཚོ་ལ་སེམས་ཤུགས་དང་སྙིང་སྟོབས་ཤིག་སླེབ་ཐབས་ཀྱི་ཆེད་དུ་ང་གཞན་ཕན་གྱིས་ནུས་ཀྱི་ཡོད་ན། ཁྱེད་ཚོས་ཀྱང་ནུས་ཀྱི་རེད་ཅེས་བརྗོད་འདོད་ཡོད་ཅེས་ཁོང་གིས་བརྗོད་འདུག གཞན་ཕན་ཁྱིམ་གསར་ཁོང་ནི་གློག་བརྙན་བཟོ་སྐྲུན་པ་དང་། འཁྲབ་གཞུང་རྩོམ་པ་པོ་ཡང་ཡིན་འདུག་ལ། ཐེངས་འདིའི་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་བཟོ་སྐྲུན་གནང་མཁན་ཁྲོད་བདེ་བ་ཚང་རྡོ་རྗེ་དབང་འདུས་ཡང་ཡོད་འདུག
ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེའི་ནང་གཙོ་བོ་༧གོང་ས་མཆོག་བོད་ནས་བཙན་བྱོལ་ལ་གང་འདྲ་ཕེབས་ཡོད་མེད་དང་། སྐབས་དེ་དུས་ཆུ་བཞི་སྒང་དྲུག་གི་དམག་མི་ཚོས་བོད་པའི་རང་དབང་འཐབ་རྩོད་ཁྲོད་ལེགས་སྐྱེས་གང་འདྲ་ཕུལ་ཡོད་མེད་སོགས་ཀྱི་དངོས་བྱུང་ལོ་རྒྱུས་གཞིར་བཞག་ཐོག་ནས་བཟོས་པའི་གློག་བརྙན་ཞིག་ཡིན་འདུག ལྷག་ཏུ་བདེ་བ་ཚང་རྡོ་རྗེ་དབང་འདུས་ཀྱི་ཕ་དམ་པའི་མི་ཚེའི་ལོ་རྒྱུས་སྐོར་ཀྱི་དཔེ་དེབ། (The Life and Times of a Tibetan Freedom Fighter)ཟེར་བའི་བོད་མིའི་རང་དབང་འཐབ་རྩོད་པ་ཞིག་གི་མི་ཚེ་དང་དུས་ཡུན་ཞེས་པའི་ལོ་རྒྱུས་གཞིར་བཞག་ཐོག་ནས་བཟོས་ཡོད་འདུག
གློག་བརྙན་དེའི་འཁྲབ་སྟོན་པ་བརྒྱ་བ་༩༠ ཙམ་བོད་པ་རྐྱང་རྐྱང་ཡིན་འདུག་པ་དང་། གློག་བརྙན་དེ་བཟོ་སྐྲུན་བྱས་རྗེས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཞིག་ལ་སྟོན་རྒྱུའི་གོ་སྐབས་བྱུང་ཡོད་འདུག་ལ། ཡང་དུས་སྟོན་འགའ་ཤས་སུ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱིས་རྐྱེན་པས་སྟོན་རྒྱུའི་གོ་སྐབས་མ་རག་པ་ཡང་དེ་འདྲ་བྱུང་ཡོད་འདུག གློག་བརྙན་དེ་བལ་ཡུལ་ནང་གི་གློ་སྨོན་ཐང་དུ་འཁྲབ་ཡོད་འདུག་པ་དང་། སྐབས་དེ་དུས་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་དཀའ་ངལ་དུ་མ་འཕྲད་ཡོད་འདུག་ཀྱང་། གཞན་ཕན་ཁྱིམ་གསར་གྱིས་གློག་བརྙན་གཞན་ཞིག་གི་འཁྲབ་ཁྲིད་བྱེད་ཀྱི་ཡོད་ཚུལ་བརྗོད་ནས། འཁྲབ་གཞུང་གཞན་ཞིག་བལ་ཡུལ་གཞུང་ལ་ཕུལ་ནས་ཆུ་བཞི་སྒང་དྲུག་གི་གློག་བརྙན་དེ་ལྐོག་ཏུ་བཟོས་ཡོད་པར་བརྗོད་འདུག མདོར་ན། ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་དཔལ་འབྱོར་གྱི་འགྲོ་གྲོན་དང་། རྒྱ་ནག་གི་གནོན་ཤུགས་སོགས་ཀྱི་དཀའ་ངལ་དུ་མ་ཞིག་བརྒྱུད་པའི་འོག་ནས་བཟོས་ཏེ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།