ཆུ་སོང་ཡང་ཟམ་པ་གནས་དགོས།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༤༡)
མང་གཙོའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་སྲ་བརྟན་དུ་གནས་ཆེད་མང་གཙོའི་ཀ་བ་བཞི་ཞེས་གལ་ཆེན་པོར་བརྩི་བཞིན་ཡོད། དེ་ཡང་གཙོ་བོ་མང་གཙོའི་སྤྱི་ཚོགས་ནང་ཁྲིམས་བཟོ་ལྷན་ཚོགས་དང་། ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་བཀའ་ཤག་བཅས་ལ་མང་གཙོའི་ཀ་བ་གསུམ་ཞེས་འབོད་པ་དང་། ཀ་བ་གསུམ་གྱི་ཐོག་ལ་གསར་འགྱུར་བརྒྱུད་ལམ་བགྲངས་ནས་མང་གཙོའི་ཀ་བ་བཞི་ཞེས་ངོས་འཛིན་བྱེད་བཞིན་ཡོད། དོན་དངོས་སུའང་མང་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་ནི་མང་གཙོའི་ཀ་བ་གལ་ཆེ་ཤོས་སུ་གྱུར་ཡོད། རྒྱ་ནག་ལྟ་བུ་མང་གཙོའི་ལམ་ལུགས་དང་ལྡོག་ཕྱོགས་སུ་འགྲོ་མཁན་གྱི་སྤྱི་ཚོགས་སུ་གསར་འགྱུར་བརྒྱུད་ལམ་མང་ཆེ་བ་གཞུང་འབྲེལ་ཡིན་ལ། སྒེར་གྱི་མིང་ཐོག་ཏུ་བརྒྱུད་ལམ་རེ་ཟུང་ཡོད་ནའང་དེ་དག་ཚང་མ་གཞུང་གི་སྟངས་འཛིན་དང་བཀོད་འདོམས་ཁོ་ནའི་འོག་གནས་ཡོད་པས། རྒྱ་ནག་གི་སྤྱི་ཚོགས་སུ་གསར་འགྱུར་བརྒྱུད་ལམ་ནི་སྲིད་དབང་སྒེར་གཅོད་པ་དག་གི་དྲིལ་བསྒྲགས་ཀྱི་ལག་ཆ་ཙམ་ཡིན།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཡོད་པའི་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནི་བོད་ནང་གི་ཛ་དྲག་གནས་ཚུལ་བསྡུ་རུབ་དང་ཕྱིར་བསྒྲགས། རྒྱ་གར་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་། བོད་དོན་འཐབ་རྩོད། རྒྱལ་སྤྱིའི་སྟེང་གི་བོད་དོན་གནས་བབས། ༧གོང་ས་མཆོག་གི་མཛད་འཕྲིན་སོགས་བོད་ནང་དུ་བརྒྱུད་སྤེལ་བྱེད་པའི་སྡིངས་ཆ་གལ་ཆེ་ཤོས་སུ་གྱུར་ཡོད། ལྷག་པར་དུ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་ནི་བཙན་བྱོལ་བོད་གཞུང་གིས་འབོད་སྐུལ་དང་ཐབས་ཤེས་འབད་བརྩོན་ཆེན་པོ་བྱས་ནས་གསར་འཛུགས་བྱས་པ་ཞིག་ཡིན་ལ། གསར་ལམ་འདི་དག་བཙན་བྱོལ་བོད་གཞུང་གི་སྟངས་འཛིན་འོག་མ་ཡིན་པར་ལས་དོན་ཡོངས་རྫོགས་རང་དབང་གི་ཐོག་ནས་སྤེལ་བཞིན་ཡོད། དམིགས་ཡུལ་དང་དགོས་མཁོ་གང་ཐད་ནས་གསར་འགྱུར་བརྒྱུད་ལམ་འདི་དག་ནི་བོད་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་མེད་ཐབས་མེད་པ་ཞིག་ཡིན་དགོས།
གོང་གསལ་གསར་ལམ་ཁག་ལ་མཚོན་ན་གསར་འགྱུར་གྱི་ལས་དོན་བསྒྲུབས་པའི་སྐབས་ལས་དོན་རང་གི་ཐོག་ལ་འབད་བརྩོན་བྱེད་ཐུབ་ན་མི་སྒེར་ལ་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་པ་མ་ཟད། འཛིན་སྐྱོང་གི་ལས་དོན་སོགས་མཐུན་རྐྱེན་གཞན་གང་ཐད་ནས་དཔལ་འབྱོར་གྱི་ཐོག་ལ་སེམས་ཁུར་གང་ཡང་མེད་པས། བཙན་བྱོལ་ནང་གི་གསར་ལམ་ཆུང་ཁག་གཞན་དག་དང་བསྡུར་ན་དཀའ་ངལ་གང་ཡང་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བརྒྱུད་ལམ་འདི་དག་ལ་གསར་འགོད་པའི་གྲངས་ཀའང་ཧ་ཅང་མང་པོ་ཡོད། ལས་དོན་བྱེད་སྟངས་ཀྱི་ཁ་ཕྱོགས་དང་བཙན་བྱོལ་ནང་གི་སྲིད་དོན་རྩོད་རྙོག་སོགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་དང་། ལྟ་སྟངས་མི་འདྲ་བ། ངོས་འཛིན་མི་འདྲ་བ་བཅས་སྣ་ཚོགས་ཡོད་ཀྱང་། ད་ལན་ཨ་རིའི་གཞུང་གིས་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་འཇོག་བྱས་པ་ནི། བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད།
ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་སྔར་དང་གཅིག་མཚུངས་ཡིན་ཞེས་རྗོད་བཞིན་ཡོད་ཀྱང་། བཙན་བྱོལ་བོད་གཞུང་ལ་སྤྲོད་བཞིན་པའི་རོགས་དངུལ་ནས་བརྒྱ་ཆ་༨༦ མ་ཟིན་ཙམ་ཉུང་འཕྲི་བྱས་པ་དང་། རྒྱ་གཞུང་ལ་ཁ་གཏད་ཀྱི་དམིགས་ཡུལ་ཐོག་ནས་བཙུགས་པའི་གསར་ལམ་ཁག་ཀྱང་མཚམས་འཇོག་བྱས་པས། དཔལ་འབྱོར་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཀྱང་ཨ་རིའི་སྲིད་གཞུང་ནས་རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་བའི་བརྡ་ལན་ཧ་ཅང་ནོར་འཁྲུལ་ཅན་ཞིག་བསྟན་པ་རེད། བོད་པའི་སེམས་ནང་དུ་བོད་རྒྱ་ཞི་མོལ་གྱི་གནད་དོན་དང་། ད་ལན་ཨ་རིའི་སྲིད་གཞུང་གི་བྱེད་སྟངས་སོགས་གང་ཐད་དམའ་མཐའི་ཚད་གཞི་ནས་རེ་བ་རྒྱག་གི་ཡོད་ཀྱང་། དོན་དངོས་སུ་བོད་པ་རང་ངོས་ནས་ཐབས་ཤེས་དང་འབད་བརྩོན་ཆེན་པོ་ཞིག་བྱེད་མ་ཐུབ་ན་རེ་བ་སྟོང་ཟད་དུ་འགྱུར་ངེས་ཡིན་པ་ད་ལན་དྲན་སྐུལ་ཆེན་པོ་ཞིག་བཏང་ཡོད་པས། མ་འོངས་པར་འཐབ་རྩོད་དང་ལངས་ཕྱོགས་གང་ཐད་ནས་རང་སྐྱ་འཕེར་བ་ཞིག་ཡོང་ཐབས་བྱེད་དགོས།
མདོར་ན་མང་གཙོའི་ཀ་བ་བཞི་པ་གསར་འགྱུར་བརྒྱུད་ལམ་ནི། འཐབ་རྩོད་བྱེད་བཞིན་པའི་མི་རིགས་ཤིག་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཡིན་ལ། བསམ་ཚུལ་མི་མཐུན་པ་དང་ལངས་ཕྱོགས་མི་མཐུན་པའི་གནས་ཚུལ་དག་ཀྱང་བརྒྱུད་ལམ་ཁག་ཏུ་སླེབས་དགོས་པས། དཔལ་འབྱོར་དང་མཐུན་རྐྱེན་མི་གྲངས་སོགས་གང་ཐད་ནས་བཙན་བྱོལ་ནང་གཞན་དང་བསྡུར་ཐབས་མེད་པའི་ཨ་རིའི་བོད་སྐད་རླུང་འཕྲིན་དང་། ཨེ་ཤི་ཡ་བོད་སྐད་རླུང་འཕྲིན་གཉིས་ཀྱི་ལས་དོན་སླར་གསོ་ཡོང་དགོས་པ་ནི་བོད་དོན་འཐབ་རྩོད་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད། གསར་འགོད་པ་དང་འགན་ཁུར་བ་མི་སྒེར་པ་ཁག་ཅིག་གི་ལས་དོན་བྱེད་སྟངས་ལ་སྤྱི་ཚོགས་ནང་བསམ་ཚུལ་ཡོད་ཆོག་ཀྱང་། ཆུ་སོང་ཡང་ཟམ་པ་གནས་དགོས་པའི་དཔེ་བཞིན་བོད་སྐད་རླུང་འཕྲིན་ཁང་འདི་གཉིས་མུ་མཐུད་དུ་གནས་མ་ཐུབ་ན་རྒྱ་དམར་གཞུང་གི་སྔོན་ནས་ཀྱང་ང་ཚོ་ངོ་ཚ་ཁ་སྐྱེངས་སུ་གྱུར་ཡོད། དེར་བརྟེན་ནུས་པ་ཡོད་མཁན་ཚང་མས་སླར་གསོ་ཡོང་ཐབས་སུ་ཐབས་ཤེས་གང་ཡོད་བྱེད་དགོས།།