ཆུ་སྒང་རྒྱལ་ཡོངས་ཚོགས་ཆེན་ལེགས་གྲུབ་བྱུང་འདུག
ཟླ་འདིའི་ཚེས་༡༩ ཉིན་སྦིར་ས་གནས་སུ་འཚོགས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༥༡ པ་དང་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢༣ པ་དེ་ཉིད་རྒྱལ་ཁའི་ངང་གྲོལ་ཡོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་སྦིར་སྡེ་དགེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་མདུན་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་དང་། ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་སྐུ་གཤེགས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་དང་བསྟུན་རྒྱལ་ཡོངས་ཚོགས་ཆེན་ ༢༣ པའི་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་དང་།
ཐེངས་འདིའི་ཉིན་གསུམ་གྱི་དུས་ཡུན་ཚོགས་ཆེན་ཐོག་ས་གནས་སོ་སོའི་ཚོགས་གཙོ་དང་དྲུང་ཆེ་གཙོས་ཚོགས་བཅར་བ་མི་བཞི་རེ་དང་ཕྱི་རྒྱལ་ཡུལ་གྲུབ་ཁག་ཏུ་ཡོད་པའི་ས་གནས་རྣམས་ཀྱི་སྐུ་ཚབ་རྣམ་པ་དང་བཅས་ཁྱོན་མི་གྲངས་བརྒྱ་ཙམ་མཉམ་ཞུགས་བྱས་ནས་༧གོང་ས་མཆོག་གི་སྐུ་ཕྱས་མཚོན། བོད་གངས་ཅན་གྱི་བསྟན་པ་ཆབ་སྲིད་སྤྱི་ལ་སྐབས་བབ་ཞབས་འདེགས་སྒྲུབ་དགོས་ཁག་དང་། དམིགས་བསལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སའི་ལས་བསྡོམས་དང་རྩིས་ཁྲ་ཁག་ལ་ཞིབ་བཤེར་ཐོག་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་མ་ཟད། ཚོགས་ཆེན་གྱི་ཉིན་གསུམ་པར་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་གི་ལས་རིམ་ལྟར་ལས་བགོས་གཏན་འབེབས་བྱས་སྟེ། སྐབས་༢༣ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ལ་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། ཚོགས་གཞོན་པདྨ་གྲུབ་དབང་དང་ཨོ་རྒྱན་འཇིགས་མེད། དྲུང་ཆེ་སངས་རྒྱས་རྡོ་རྗེ་དང་དྲུང་གཞོན་མ་སངས་རིན་ཆེན་དར་རྒྱས། དངུལ་གཉེར་བསོད་ནམས་སྟོབས་ལྡན། མཐུན་སྒྲིལ་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་བཅས་འོས་འདེམས་བྱུང་ཡོད་པ་མ་ཟད་ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཆོད་ཁག་ཅིག་ཀྱང་གཏན་འབེབས་གནང་ཡོད་འདུག
མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ལོ་གསུམ་རེའི་མཚམས་རུ་རྒྱལ་ཡོངས་ཚོགས་ཆེན་ཐེངས་རེ་སྐོང་འཚོགས་ཞུ་སྲོལ་འདུག་པ་ལྟར། ཐེངས་འདིའི་ཚོགས་འདུའི་ཉིན་གསུམ་པར་ཚོགས་བཅར་བ་ཡོངས་ཀྱིས་སྐབས་ ༢༢ པའི་དབུས་རྒྱུན་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་། སྐབས་ ༢༣ པའི་དབུས་རྒྱུན་རྣམས་ལ་འཚམས་འདྲིའི་མཇལ་དར་ཕུལ་ནས་ཚོགས་ཆེན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།