ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་༡༡ ལ་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་འདུག

ཟླ་འདིའི་ཚེས་༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀོད་ཁྱབ་ཅིག་བཏང་བའི་ནང་། སྤྱི་འཐུས་རྒྱུན་ལས་༡༡ ལ་ “བཀའ་ཁྱབ་འདི་བཏང་ཚེས་ནས་བཟུང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ ཉིན་བར། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ པ་ནང་གསལ། སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཚོགས་གཙོ། དྲུང་རྩིས་དང་དངུལ་གཉེར་བཅས་ཀྱི་འོས་བསྡུ་ཁག་དང་། ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་ཏུ་”ཞེས་གསལ་ཡོད་པ་རེད།

དེ་ཡང་འདིའི་ལོའི་ཕྱི་ཟླ་༨ ཚེས་༡༧ ཉིན་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་༩ ནང་འཚོག་གཏན་ཁེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པ་ལོ་རྗེས་མའི་ཕྱི་ཟླ་༣ བར་ཕར་འགྱངས་བྱས་པའི་གསལ་བསྒྲགས་སྤེལ་དང་། ཕྱི་ཟླ་༨ ཚེས་༢༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྲོས་ཚོགས་ཕར་འགྱངས་དེ་ཁྲིམས་མཐུན་ཆགས་མེད་པའི་ཡི་གེ་ཞིག་སྤྱི་འཐུས་རྒྱུན་ལས་ལ་བཏང་འདུག

ཕྱི་ཟླ་༨ ཚེས་༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་བའི་ཐོག གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་བྱས་པ་བཅའ་ཁྲིམས་ལུངས་འདྲེན་བྱས་ཡོད་པ་དང་། བཅའ་ཁྲིམས་ལེའུ་དང་པོ། དོན་ཚན་དྲུག་པའི་ནང་ “རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།” ལེའུ་ལྔ་པ། དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་༢། “སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།”ཞེས་གསལ་ཡོད་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་དེའི་ནང་། “སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་གིས་བཅའ་ཁྲིམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བསྐུར་བའི་ལས་འགན་བསྒྲུབ་ཐུབ་པ་བྱ་རྒྱུར་བཅའ་ཁྲིམས་སུ་ཐབས་ཤེས་དང་ལམ་ཁ་བསྟེན་ཕྱོགས་ཡོད་བཞིན་དུ། བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབས་པ་དང་། བཅའ་ཁྲིམས་དང་། ཁྲིམས་ཡིག་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན་ཞུ་དགོས་པའི་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་པའི་བྱེད་འཛོལ་ལ་དམིགས་ཏེ། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༥༡ [ཁ] ༢) པར། གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས་བཅས་ལ་བརྩི་མེད་བྱས་ཚེ། གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་འབྲེལ་བ་མེད་པའི་དོ་བདག་གང་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ དང་། ༦ ༣། ༩༧། ༡༠༡། ༡༠༧ ནང་གསལ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གྱི་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་དང་། བོད་ མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་གནས་ཕབ་གནས་དབྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྱོད་མཚམས་གཅོད། གཞན་གང་རུང་ བཅས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག་ཅེས་གསལ་བའི་དགོངས་དོན་ལྟར། ཐག་གཅོད་དེ་བྱས་པ་ཡིན་”སྐོར་འཁོད་འདུག

ཐེངས་འདིའི་རྒྱུན་ལས་ཚོགས་གཙོ་པད་མ་འབྱུང་གནས་། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས། མཁན་པོ་བསོད་ནམས་བསྟན་འཕེལ། བསྟན་པ་ཡར་འཕེལ། མཁན་པོ་ཀབྲག་དངོས་གྲུབ་བསོད་ནམས། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། དགེ་བཤེས་སྨོན་ལམ་མཐར་ཕྱིན། གསེར་རྟ་ཚུལ་ཁྲིམས། ངག་དབང་ཐར་པ། བློ་བཟང་ཆོས་འབྱོར། ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ཡིན་པ་རེད།། ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ-1

གསར་འགོད་པ་ཆོས་ཉིད་འོད་ཟེར།