ཆོག་མཆན་ཐོབ་མེད་པའི་སྔོན་འགོག་སྨན་ཁབ་ཞིག་ལ་རྒྱ་གར་གཞུང་གིས་འགྲོ་སོང་ཕོན་ཆེན་བཏང་འདུག

རྒྱ་གར་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་མུ་མཐུད་གནས་བཞིན་པའི་སྐབས་དེར། རྒྱ་གར་གཞུང་གིས་ཚོད་ལྟའི་རིམ་པ་གསུམ་པ་འགྲོ་བཞིན་པའི་སྔོན་འགོག་སྨན་ཁབ་ཞིག་ལ་རེ་བ་ཆེན་པོ་བྱས་ཏེ། སྔོན་ཚུད་ནས་སྨན་ཁབ་དེའི་གྲངས་འབོར་ཆེན་པོ་ཞིག་མངགས་ཟིན་འདུག སྔོན་འགོག་སྨན་ཁབ་དེ་རྒྱ་གར་གྱི་སྨན་ཁབ་རིན་གོང་ཆུང་ཤོས་དེ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་འདུག

ཟླ་༦ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་རྒྱ་གར་དབུས་གཞུང་གིས་གསལ་བསྒྲགས་ཤིག་ནང་། རྒྱ་གར་གྱི་ཚོང་ལས་ཁང་(Biological E)ཡི་བཟོ་སྐྲུན་བྱེད་བཞིན་པའི་སྔོན་འགོག་སྨན་ཁབ་(Corbevax)གྲངས་འབོར་ས་ཡ་༣༠༠ ཞིག་སྔོན་ཚུད་ནས་མངགས་ཟིན་པ་དང་། དེའི་ཆེད་དུ་ཨ་སྒོར་ས་ཡ་༢༠༦ འགྲོ་སོང་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་སྔོན་འགོག་སྨན་ཁབ་དེ་ད་ལྟའི་ཆར་ཚོད་ལྟའི་རིམ་པ་གསུམ་པར་སླེབས་ཡོད་ཀྱང་། ཛ་དྲག་གི་ཆེད་དུ་མི་མང་ལ་རྒྱག་ཆོག་པའི་ཆོག་མཆན་ཐོབ་མེད་པ་རེད་འདུག་པས། ཆོག་མཆན་མ་ཐོབ་པའི་སྔོན་འགོག་སྨན་ཁབ་ཞིག་ལ་འགྲོ་སོང་ཕོན་ཆེན་བཏང་བའི་ཐག་གཅོད་དེ་ལས། རྒྱ་གར་དབུས་གཞུང་གིས་སྨན་ཁབ་དེར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་འདུག

བརྒྱུད་ལམ་ཁག་ཏུ་བརྗོད་དོན་ལྟར་ན། སྨན་ཁབ་དེ་ཟླ་༨ པའི་ནང་མི་མང་ལ་དངོས་སུ་རྒྱག་ཐུབ་རྒྱུ་ཡིན་འདུག་པ་དང་། སྨན་ཁབ་དེ་རྒྱ་གར་གྱི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རིན་གོང་ཆུང་ཤོས་དེ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།