ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་མཉམ་དུ་མི་མང་ནང་སྐོར་བསྐྱོད་ཐེངས་དང་པོ།

སྤྱིའི་འཐུས་འོས་མི་ཁག་ཅིག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་བསྐྱོད་ཀྱིས་མི་མང་ནང་ཁོང་ཚོ་འོས་མིར་ལངས་དགོས་པའི་དམིགས་ཡུལ་སྐོར་ལ་བཏམ་བཤད་གནང་ཡོད་པ་རེད།

yfpd12དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་པས་སྤྱི་འཐུས་འོས་མི་བཏོན་པའི་ཆོལ་ཁ་གསུམ་གྱི་འོས་མི་བདུན་གྱིས་མོན་གྷོ་གཞིས་ཆགས་སུ་འོས་མིར་ལངས་དགོས་པའི་དམིགས་ཡུལ་སྐོར་ལ་གཏམ་བཤད་གནང་བ་དང་། མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།

ཚེས་༡༥ ཉིན་སྦེལ་ཀོབ་དང་། ཚེས་༡༦ ཉིན་ཧོང་སོར། ཚེས་༡༧ ཉིན་ཀོ་ལི་སྒར་བཅས་ལ་སྐོར་བསྐྱོད་དང་། མི་མང་ལ་གཏམ་བཤད་གནང།

སྐོར་བསྐྱོད་བགྲོ་གླེང་གོ་སྒྲིག་དེ་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་པས་གོ་སྒྲིག་བྱས་ཡོད་པ་དང་། དང་བླངས་རུ་ཁག་དེའི་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ཐེངས་གསུམ་གྱི་ནང་བོད་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་བཏོན་ཡོད་པ་རེད།

ཐེངས་འདིར་སྔོན་འགྲོའི་སྐབས་ཆོལ་ཁ་རེ་ནས་མི་བཅུ་རེ་འོས་མིར་བཏོན་པ་དང་། མི་མང་གིས་འོས་བླུགས་རྗེས་ཆོལ་ཁ་གསུམ་གྱི་འོས་མི་སུམ་བཅུའི་ནང་ནས་༢༢ དངོས་གཞིའི་ནང་སླེབས་ཡོད་པ་རེད།

དེའི་ནང་ནས་ཐེངས་འདིར་གཏམ་བཤད་ལ་དངོས་སུ་བཅར་ཐུབ་མཁན་དབུས་གཙང་ཆོལ་ཁ་ནས་འོས་མི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། དྲུང་ཚོ་ཚེ་རིང་ཐག་གཅོད། མདོ་སྟོད་འོས་མི་བློ་བཟང་ཡེ་ཤེས་དང་། རྡོ་རྗེ་ཚེ་བསྟན། མདོ་སྨད་འོས་མི་ཚེ་རིང་གཡུ་སྒྲོན་དང་། ཀརྨ་དགེ་ལེགས། གཉན་ཐར་བཅས་ཡོང་ཡོད་པ་རེད།

ཐེངས་འདིའི་དངོས་གཞིའི་འོས་བསྡུའི་སྐབས་བོད་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་ཚོ་མཉམ་དུ་གཞིས་ཆགས་ཁག་ལ་སྐོར་བསྐྱོད་དང་། མི་མང་ནང་གཏམ་བཤད་བགྲོ་གླེང་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ཀོ་ལི་སྒར་ནས།