ཆོལ་གསུམ་ཚང་བའི་བཀའ་ཤག་དགོས་ངེས་མེད།
-སྐལ་བཟང་དོན་གྲུབ།
རིང་མིན་བོད་མི་མང་སྤྱི་འཐུས་སྐབས་༡༦ གྲོས་ཚོགས་ཚོགས་དུས་དང་པོ་འཚོག་རྒྱུ་ཡིན་པ་དང། སྐབས་དེར་སྲིད་སྐྱོང་འོས་ཐོབ་བློ་བཟང་སེང་གེས་རང་བློ་ལ་ཡོད་པའི་བཀའ་ཤག་སྐབས་༡༥ པའི་བཀའ་བློན་ཁག་གི་མིང་འདོན་བྱེད་ཁར། གྲོས་ཚོགས་ནས་སྤྱི་མོས་སམ་མང་མོས་རྒྱབ་སྐྱོར་ཐོབ་མིན་བལྟ་རྒྱུ་ཡིན་པ་རེད།
ངས་ཞུ་འདོད་པ་ཞིག་ལ་ང་ཚོ་བཙན་བྱོལ་ལ་སླེབས་ནས་བཟུང། བཀའ་ཤག་གསར་འདེམས་བྱེད་སྐབས། ཆོལ་ཁ་གསུམ་གྱི་མི་ཡོད་པ་ཞིག་ཡོང་ཐུབ་པ་བྱེད་ཀྱི་ཡོད་པ་ལྟ་བུ་འདུག་ལ། དེ་བས་༢༠༡༡ ལོར་སྲིད་སྐྱོང་ཐོག་མ་བློ་བཟང་སེང་གེ་འོས་ལངས་སྐབས་བཀའ་ཤག་ནང་ཆོལ་ཁ་གསུམ་གྱི་མི་སླེབས་ཐབས་བྱེད་རྒྱུ་ཡིན་སྐོར་བསྒྲགས་པ་རེད། བྱེད་སྟངས་དེས་ཕྱོགས་གཅིག་ནས་ཆོལ་གསུམ་བོད་མིའི་སྐུ་ཚབ་ཚང་བའི་བཀའ་ཤག་ཡིན་པའི་རྣམ་པ་སྟོན་ཆེད་ཡིན་གྱི་རེད་མོད། ཆོལ་ཁ་གསུམ་གྱི་མཚོན་དོན་གྲོས་ཚོགས་ནང་ཆོལ་ཁ་སོ་སོས་འཐུས་མི་འདེམས་ཀྱི་ཡོད་པས། དེ་ལས་མ་འདང་བ་ཞིག་ཡོད་པ་མ་རེད། ཕྱོགས་གཅིག་ནས་བསམ་བློ་ཆུང་བའི་ཆབ་སྲིད་པ་ཚོས་མི་མང་མགོ་བསྐོར་ནས། བཀའ་ཤག་དེར་ཆོལ་ཁ་དེའི་བཀའ་བློན་མི་འདུག་པས། ཕྱོགས་རིས་བྱེད་པའི་སྐྱོན་འཛུགས་མེད་པ་བཟོ་ཆེད་ཡིན་ཡང་སྲིད། ཆོལ་གསུམ་གྱི་བཀའ་ཤག་གཅིག་ཆགས་རུང། མ་ཆགས་རུང། གང་ལྟར་ཆོལ་ཁ་ཞིག་ལས་བཀའ་བློན་འོས་འཚམས་ཤིག་མ་རག་ན། བཀའ་བློན་ལ་ཨུ་ཚུགས་བྱས་ནས་བསྐོ་མི་འོས་པ་དང་བསྐོ་མི་དགོས་པར་མཐོང། གལ་ཏེ་བཀའ་ཤག་ནང་བཀའ་བློན་ཚང་མ་ཆོལ་ཁ་གཅིག་གི་ཡིན་ཡང། དེ་དག་གིས་བོད་ཀྱི་འཐབ་རྩོད་དང་བོད་མིའི་བདེ་སྡུག་ལ་ལས་ཀ་བྱེད་ཐུབ་ཀྱི་ཡོད་ན། ངས་བསམ་ན་མི་འགྲིག་པ་གང་ཡང་མི་འདུག དེར་བརྟེན་སྲིད་སྐྱོང་བློ་བཟང་སེང་གེས་གསར་གཏོད་ཁ་ལ་མང་པོ་འཁྱེར་གྱི་ཡོད་པས། གནའ་བོའི་བྱེད་སྟངས་དེ་མེད་པར་བཟོས་ནས། སུས་འཇོན་དང་སུ་ལ་ནུས་པ་ཡོད་མེད་ལ་བལྟས་ནས་བཀའ་བློན་འདེམས་པ་ལས། ཆོས་ཁ་གསུམ་གྱི་མི་ཡོད་པའི་བཀའ་ཤག་ཞིག་ངེས་པར་དུ་ཡོང་ཐབས་ལ་མ་བརྩོན་ན་ལེགས་པར་སྙམ། གྲོས་ཚོགས་ནས་ཀྱང་རང་གི་ཆོལ་ཁའི་ཞེན་ཁོག་སྟོང་པ་དེ་སྦས་ནས། བོད་སྤྱི་པའི་དོན་ལ་བསམ་གཞིག་བྱས་ནས། རྒྱབ་སྐྱོར་བྱེད་མིན་གྱི་ཐག་གཅོད་བྱེད་དགོས་པར་མཐོང། གལ་ཏེ་བཀའ་ཤག་དེ་ཆོལ་གསུམ་གྱི་མི་ཡོད་པ་མ་ཟད། མི་ཚང་མ་འཇོན་ཐང་ལྡན་པ་ཡིན་ཚེ། བཀྲ་ཤིས་ལོ་ལེགས་རེད། འོན་ཀྱང་སྐབས་སྔོན་མ་ལྟར་གནས་ཚུལ་བྱུང་ཚེ། དེའི་འགན་ཚང་མ་སྲིད་སྐྱོང་བློ་བཟང་སེང་གེ་དང་གྲོས་ཚོགས་གཉིས་ཀ་ལ་ཡོད་པ་ལས་སུ་ལ་ཡང་མེད་པ་རེད།
ཆོལ་ཁ་ཆོས་ལུགས་ཤུགས་ཆེན་བརྩི་བའི་ལུགས་སྲོལ་ངན་པ་དེ་ནི་མི་རབས་རྒན་པ་ཚོས་འགོ་འཛུགས་བྱས་པ་རེད་ལ། བོད་རང་བཙན་ཤོར་བཅུག་མཁན་ཡང་ཁོ་ཚོ་རེད། སྐབས་དེའི་མི་རབས་རྣམས་རྫོགས་ཟིན་གྲབས་ཡོད་པས། མི་རབས་གསར་པ་མང་པོ་ཞིག་གི་སེམས་ནང་ལུགས་སྲོལ་དྲི་མ་ཅན་དེ་མེད་པས། བཀའ་ཤག་དང་གྲོས་ཚོགས་ནས་འགོ་འཛུགས་བྱས་ནས། རང་ཁུངས་ཀྱི་མི་གཅིག་པུ་ཡར་གཏོང་ཐབས་མི་བྱེད་པར། ཆོལ་གསུམ་དབྱེར་མེད་ཀྱི་མི་སུས་འཇོན་དང་རན་པ་དེ་ཡར་གཏོང་ཐབས་ལ་བརྩོན་དགོས། མི་རབས་གསར་པ་ཚོར་རང་ཁུངས་ལས་བོད་ཅེས་པ་དེ་གལ་ཆེ་བའི་མིག་དཔེ་སྟོན་དགོས་པ་ལས། སྔར་ལྟར་རྐུབ་བཀྱག་ཚ་པོ་འདྲ་བཟོས། བོད་སྤྱི་ལ་ཕན་པའི་སྐད་ཆ་དང་བསམ་བློ་སྣ་གཅིག་མེད་པར། ཆོལ་ཁའི་ཞེན་ཁོག་དང་འབྲེལ་བའི་སྐད་ཆ་དང་བྱ་སྤྱོད་འདྲ་སྤེལ་ནས་བསྡད་ན། བོད་ལ་དེ་འདྲའི་མི་ཆོ་མེད་མི་དགོས་པས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དེ་བཞིན་བཙན་བྱོལ་མི་མང་ཁག་ཅིག་གིས་ངའི་བསམ་ཚུལ་དེ་བློ་ལ་མ་ཤོངས་ན་ཧང་སང་དགོས་རྒྱུ་གང་ཡང་མེད་པ་རེད། ནམ་རྒྱུན་ནས་ཆབ་སྲིད་པ་ཚོས་དོན་གྱི་བདག་པོ་བོད་ནང་གི་བོད་མི་རེད་ཅེས་བཤད་ཀྱི་ཡོད་པས། བཙན་བྱོལ་ནང་གི་བོད་མི་ཀླད་སྟོང་ཁག་ཅིག་གི་བསམ་ཚུལ་དེ་བོད་སྤྱི་པའི་དོན་དང་བསྡུར་ན། རྒྱ་མཚོའི་ཆུ་ཐིགས་གཅིག་ལ་ཡང་བརྩི་མི་འཐུས་པ་རེད།
མདོར་བསྡུས་ན་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ནང་གི་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེ་གྲབས་ཡོད་པ་དང། བཀའ་ཤག་སྐབས་༡༥ དང་གྲོས་ཚོགས་སྐབས་༡༦། དེ་བཞིན་མ་འོངས་པའི་བཀའ་ཤག་དང་གྲོས་ཚོགས་སོགས་ཀྱིས། བོད་ཀྱི་འཐབ་རྩོད་ལ་འགྱུར་ལྡོག་གཏོང་ཐུབ་མིན་ནི་དུས་ཚོད་ཀྱིས་གསལ་པོ་བཟོ་ཡི་རེད་དེ། ཆིག་སྒྲིལ་ལ་གནོད་པའི་ཆོལ་ཁའི་ཞེན་ཁོག་དྲི་ངན་ཅན་དེ་མི་རབས་གསར་པ་ལ་མི་སྦྱར་བའི་ལས་ལ་བརྩོན་དགོས་པར་གལ་ཆེན་མཐོང།།