ཆོས་དབྱིངས་སྐྱིད་ཀྱིས་སླར་ཡང་གསེར་གྱི་རྟགས་མ་བླངས་འདུག 

ཟླ་༤ པའི་ཚེས་༢༣ ཉིན་ཡུ་རོབ་རྒྱལ་ཁབ་སཱེ་ལོ་ཝི་ཀི་ཡ་ནང་དུ་བོད་མི་རྩེད་མོ་བ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱིས། བུད་མེད་ཀྱི་འདུར་རྒྱུགས་ཀི་ལོ་མི་ཊར་༣༥ ཡི་འགྲན་སྡུར་ནང་ཨང་དང་པོ་བླངས་ནས་གསེར་གྱི་རྟགས་མ་ཐོབ་འདུག 

དེ་ཡང་ཁོང་གིས་ཀི་ལོ་མི་ཊར་༣༥ ཡི་འདུར་རྒྱུགས་འགྲན་སྡུར་དེ་ཆུ་ཚོད་༢ དང་སྐར་མ་༤༣། སྐར་ཆ་༦ ནང་མཇུག་བསྒྲིལ་ཐུབ་པ་བྱུང་འདུག་པ་དང་། རྩེད་འགྲན་པ་༤༤ ཁྲོད་ནས་ཨང་དང་པོ་ཆགས་འདུག 

ཉེ་ཆར་ཟླ་༣ པའི་ནང་ཕྱི་ལོ་༢༠༡༢ ལོའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་བུད་མེད་ཀྱི་འདུར་རྒྱུགས་ཁྲོད་གསེར་གྱི་རྟགས་མ་བླངས་མཁན་ཨུ་རུ་སུའི་རྩེད་འགྲན་པ་དེས་གཟུགས་པོར་སྟོབས་ཤུགས་སྤྲད་པའི་སྨན་བེད་སྤྱོད་བྱས་པ་ར་སྤྲོད་བྱུང་ནས། གསེར་གྱི་རྟགས་མ་དེ་ཕྱིར་འཐེན་བྱས་ཏེ་ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་ཡོད་པའི་གསལ་བསྒྲགས་བྱས་ཡོད་པས། ཨོ་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་ཐོབ་མཁན་བོད་མི་ཐོག་མ་ཁོང་ཆགས་ཡོད་པ་རེད། སྤྱིར་བཏང་སྐབས་དེར་ཆོས་དབྱིངས་སྐྱོད་ཨང་གསུམ་པ་ཐོབ་ཡོད་ཀྱང་། ཕྱིས་སུ་ཕྱི་ལོ་༢༠༡༥ ལོར་ཨང་གཉིས་པ་བླངས་མཁན་ཨུ་རུ་སུའི་རྩེད་འགྲན་པ་དེས་ཀྱང་སྨན་རིགས་བེད་སྤྱོད་བཏང་ཡོད་པ་ར་སྤྲོད་བྱུང་ནས་རྟགས་མ་ཕྱིར་འཐེན་བྱས་ནས། ཆོས་དབྱིངས་སྐྱིད་ཨང་གཉིས་པ་ཐོབ་པའི་གསལ་བསྒྲགས་བྱུང་ཡོད་པ་དང་། ཐེངས་དེར་ཨང་དང་པོ་བླངས་མཁན་རྩེད་འགྲན་པ་དེ་ཡང་རྩིས་མེད་བཏང་རྐྱེན། གསེར་གྱི་རྟགས་མ་དེ་ཁོང་ལ་ཐོབ་ཡོད་པ་རེད་འདུག 

ཆོས་དབྱངས་སྐྱིད་ནི་ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་༡༡ ཉིན་བོད་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་མཚོ་བྱང་སྡེ་བ་ཞེས་པ་རུ་སྐྱེས་ཤིང༌། ས་གནས་སློབ་ཆུང་ལོ་རིམ་ལྔ་པ་བར་སོང་བ་དང་། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་འཛིན་རིམ་བདུན་པའི་བར་བསྐྱོད། དེའི་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར། ༢༠༠༦ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་འགོ་འཛུགས་བྱས། ཕྱི་ལོ་༢༠༡༠ ལོའི་ཟླ་༧ པར་ཁོ་མོ་རྒྱ་ནག་གི་ལུས་རྩལ་རུ་ཁག་ཏུ་འཛུལ་ཞུགས་བྱས་ཡོད་པ་རེད་འདུག 

ད་བར་ཁོང་གིས་རྒྱ་ནག་དང་རྒྱལ་སྤྱིའི་རྩེད་འགྲན་མང་པོ་ཞིག་ནང་ཨང་ཀི་བླངས་ཡོད་པ་དང་། དེ་དག་ཁྲོད་ནས་གལ་ཆེ་ཤོས་ཁག་ཅིག་ནི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ། རྒྱལ་སྤྱིའི་རྒྱུགས་མཆོང་འཕེན་གསུམ་རྩེད་འགྲན་ཁྲོད་དངུལ་དང་ཟངས་ཀྱི་རྟགས་མ། ཨེ་ཤི་ཡའི་རྩེད་འགྲན་ཆེན་མོའི་ནང་དངུལ་གྱི་རྟགས་མ། ད་ལྟའི་ཆར་ཨེ་ཤི་ཡའི་ནང་དུ་ཀི་ལོ་མི་ཊར་༣༥ ཡི་འདུར་རྒྱུགས་དེ་མགྱོགས་ཤོས་ཀྱི་ཟིན་ཐོ་འཛིན་མཁན་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།