ཆོས་མིན་སྲིད་མིན་གྱི་འཁྲབ་སྟོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༤   ཕྱི་ལོ་ ༢༠༡༨/༨ /༢༩

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་ཁ་ཁྱེར་དང་། ཆབ་སྲིད་ཁ་ཁྱེར་གྱི་ཐོག་ནས་འཁྲབ་སྟོན་པ་མང་པོ་ཡོད་ལ། དོན་གྱིས་རང་ཉིད་དང་བསམ་ཚུལ་མི་མཐུན་པའམ། འཁོན་འཛིན་ཅུང་ཙམ་རེ་ཡོད་པ་དག་ལ་ཁ་གཏད་གཅོག་བྱེད་ཙམ་དུ་སྐབས་རེ་ཆབ་སྲིད་ཀྱི་གནད་དོན་ཁ་རུ་ཁུར་ནས་ལས་འགུལ་འདྲ་མིན་སྤེལ་བ་དང་། དེ་མཚུངས་བཞིན་སྐབས་རེ་ཆོས་ལུགས་སམ་ཆོས་ལུགས་ཀྱི་ཆོ་ག་རེ་ཟུང་ཁ་རུ་ཁུར་ནས་ལས་འགུལ་སྤེལ་མཁན་གནའ་ནས་ད་བར་མང་པོ་བྱུང་ཡོད། དེ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ཡང་ཕྱོགས་གང་ས་ནས་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུའི་སྔ་ལྟས་ཤིག་ཡོད་པ་མ་ཟད། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཐོག་ལའང་གནོད་སྐྱོན་ཆེན་པོ་ཆགས་ཀྱི་ཡོད། འདུ་འཛོམས་དང་ལས་འགུལ་ག་འདྲ་ཞིག་ཡིན་ཡང་། དེའི་རྒྱབ་ལྗོངས་སུ་ནང་ཁུལ་འབུར་འཇོམས་གཏོང་བྱེད་ཀྱི་བསམ་བློ་རེ་མེད་པ་ཕལ་ཆེར་དཀོན་པོ་ཆགས་ཡོད། ལས་འགུལ་དེ་དག་གི་སྣེ་མོ་བ་ནུས་པ་ཅུང་ཡོད་མཁན་དག་གིས་༧གོང་ས་མཆོག་བེད་སྤྱོད་གཏོང་གང་ཐུབ་བྱེད་པ་དང་། ཁོར་ཡུག་དང་འབྲེལ་ལམ་གྱི་ཐོག་ནས་གོ་སྐབས་ཀྱང་མང་པོ་ཐོབ་མཁན་ཡོད།

གཞན་ཡང་བླ་ཆེན་དང་ཆོས་བརྒྱུད། དགོན་སྡེ། ལྷ་སྲུང་སོགས་མང་པོ་ཞིག་ལྕེ་རྩེ་རུ་ཡོད་ཀྱང་། དོན་དུ་ནང་ཁུལ་དགའ་མིན་དགའ་དོགས་ལ་བརྟེན་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཁོ་ན་ཡིན་པ་ལས། དམིགས་ཡུལ་དང་བསམ་བློའི་རྒྱབ་ལྗོངས་ཡག་པོ་ཡོད་པ་ཧ་ཅང་དཀོན། འོན་ཀྱང་བསམ་བློ་དེ་ལྟ་བུ་ཡོད་མཁན་ནི། གོ་སྒྲིག་སྣེ་ཁྲིད་པ་དག་ཡིན་པ་ལས། དེའི་རྗེས་སུ་འབྲངས་མཁན་གྱི་མི་སྣ་དཀྱུས་མ་ཕལ་མོ་ཆེ་མིན། མི་མང་དཀྱུས་མའི་ངོས་ནས་ཕལ་ཆེ་བ་རེ་བ་དང་ཡིད་ཆེས་ཀྱིས་རྗེས་སུ་འབྲངས་མཁན་འབའ་ཞིག་རེད་ཅེས་བརྗོད་ཀྱང་ཆོག ལས་འགུལ་དེ་དག་གི་སྣེ་མོ་ན་ཡོད་མཁན་དག་གིས་དགོས་དམིགས་གཙོ་བོ་གོང་དུ་བརྗོད་པ་བཞིན། ནང་ཁུལ་གྱི་འབུར་འཇོམས་ཀྱི་བསམ་བློ་ཡིན་ཡང་། དེའི་ཞོར་དུ་སྒེར་གྱི་ཁེ་ཕན་ཡང་གཏན་ནས་ཡོད་ཀྱི་མ་རེད་ཅེས་བཤད་མི་ཐུབ་པ་ཞིག་རེད། གང་ལྟར་བཙན་བྱོལ་བོད་མི་གནད་ཡོད་དུ་འབོད་པ་མང་པོ་ཞིག་གིས་༧གོང་ས་མཆོག་ནི་གཞན་ལ་རྡུང་བྱེད་ཀྱི་ལག་ཆ་ཙམ་ལས། བླ་ན་མེད་པའི་མགོན་སྐྱབས་དང་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཏུ་བརྩི་བཞིན་ཡོད་མེད་ཀྱང་དོགས་པ་ཟ་མི་འོས་པ་ཞིག་གཏན་ནས་མིན་སྙམ།

བྱེད་སྟངས་དེ་ལྟ་བུ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་རྩོད་རྙོག་ཐམས་ཅད་ཀྱི་གཞི་རྩ་དང་། རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་ཆག་ཏུ་འགྲོ་རྒྱུ་སོགས་བཀྲ་མི་ཤིས་པ་ཐམས་ཅད་ཀྱི་འབྱུང་རྐྱེན་གཙོ་བོ་ལྟ་བུར་གྱུར་ཡོད། ད་ལྟའི་གནས་སྟངས་ལ་བལྟས་ན་མ་འོངས་པར་ཡང་མུ་མཐུད་གནས་ངེས་ལྟ་བུར་གྱུར་ཡོད་ཅིང་། དོན་གྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཆོས་ལུགས་ནི་ཁ་ནས་བཤད་རྒྱུའི་ལག་ཆ་ཙམ་ལས། དོན་གྱིས་ལག་བསྟར་བྱེད་མཁན་ཞིག་དཀོན་ཚོད་དུ་འདུག ཆབ་སྲིད་ཀྱི་ཁེ་ཕན་འགྲུབ་ཆེད་ཆོས་ལུགས་བེད་སྤྱོད་བཏང་ཡོང་དུས་གནས་སྐབས་ཙམ་ཆབ་སྲིད་ལ་ནུས་པ་ཅུང་ཙམ་རེ་ཐོན་ཐུབ་ཀྱི་ཡོད་ཀྱང་། ཆོས་ལུགས་ཀྱི་ཆེད་དུ་ཆབ་སྲིད་བེད་སྤྱོད་བཏང་བའམ། ཆོས་ལུགས་ཀྱི་ནང་དུ་ཆབ་སྲིད་བསྲེ་ལྷད་བཏང་ཡོང་བའི་སྐབས་སུ་ཆོས་ལུགས་ལ་ཕན་ཐོགས་གཏན་ནས་མེད། ཕྱིའི་རྣམ་པ་ཙམ་ལ་འཕེལ་རྒྱས་སུ་འགྲོ་བའི་ཆ་རྐྱེན་ཅུང་ཙམ་རེ་བསྐྲུན་ཐུབ་སྲིད་ཀྱང་། ནང་བསྟན་རིག་གནས་ཀྱི་གཞུང་ལུགས་ཐོག་ནས་བལྟས་ན་དོན་གྱིས་ཆོས་ལུགས་ལ་གནོད་སྐྱོན་ནམ། ནང་ཆོས་ཀྱི་བསྟན་དོན་ལས་ལྡོག་ཕྱོགས་འབའ་ཞིག་ཏུ་འགྱུར་བཞིན་ཡོད།

རྩ་བས་འཛམ་གླིང་སྤྱི་ཡོངས་ནས་ཆོས་སྲིད་ཟུང་འབྲེལ་ཞེས་པར་ལྟ་སྟངས་ཡག་པོ་མེད་པ་དང་། བོད་པ་རང་ངོས་ནས་ཀྱང་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་ལེན་སྟངས་མི་འདྲ་བ་ཁ་ཤས་བྱུང་ཡོད། འཛམ་གླིང་ཤར་ནུབ་ཀྱི་ས་ཁུལ་མང་པོ་ཞིག་ལ་གནའ་བོའི་དུས་སུ་ཆོས་ལུགས་དེ་ཆབ་སྲིད་ཀྱི་ལག་ཆ་རུ་བེད་སྤྱོད་བྱས་པའི་ལོ་རྒྱུས་བྱུང་ཡོད་ལ། ཆོས་ལུགས་ཁྱབ་སྤེལ་གྱི་ཆེད་དུ་ཆབ་སྲིད་བེད་སྤྱོད་བཏང་བ་ནི་དེ་བས་ཀྱང་མང་བ་ཆགས་ཡོད། འོན་ཀྱང་ཡེ་ཤུ་དང་། ཁ་ཆེའི་ཆོས་ལུགས་ཀྱི་ལྟ་གྲུབ་དང་དམིགས་ཡུལ་གྱི་ཐོག་ནས་བྱེད་སྟངས་དེ་འགྲིག་ཡོད་མེད་བཤད་མི་ཤེས་ཀྱང་། ནང་པ་སངས་རྒྱས་པའི་གཞུང་ལུགས་ཀྱི་ཐོག་ནས་བྱེད་སྟངས་དེ་ནི་མི་འགྲིག་པ་ཞིག་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། ཆབ་སྲིད་སྐྱོང་སྟངས་ཀྱི་ཆ་ནས་བྱམས་སྙིང་རྗེ་དང་དྲང་བདེན་སོགས་ཆོས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་དག་བེད་སྤྱོད་བཏང་ན་ཕན་ཐོགས་ཡོད་ཅིང་། ཆོས་སྲིད་ཟུང་འབྲེལ་ཞེས་པའི་སྒྲ་དོན་ཡང་དེ་ལྟ་བུར་ངོས་འཛིན་བྱས་ན་སྤྱི་ཚོགས་ལ་བརྡབ་གསིག་མི་འགྲོ་བ་ཙམ་དུ་མ་ཟད། འཕྲལ་ཕུགས་གང་ཐད་ནས་ཕན་ཐོགས་ཀྱང་ཡོད་ངེས་རེད།

མདོར་ན་རིས་མེད་ཀྱི་དགོན་སྡེ་ཁག་ཙམ་ལས་གཞན་པའི་ཚོགས་སྒེར་ཁག་གི་ངོས་ནས་ཆོས་ལུགས་སོགས་ཀྱི་བྱེད་སྒོ་ག་རེ་སྤེལ་ཡང་ཕལ་ཆེ་བ་ཞིག་ལ་ངོ་གདོང་གི་དགོས་དོན་ལས་ལྷག་པའི་དམིགས་ཡུལ་ནག་པོ་ཞིག་ཡོད་པ་ནི་བཤད་མི་དགོས་པ་ལྟ་བུ་རེད། བོད་པ་དང་བོད་པའི་མཉམ་དུ་འབྲེལ་བ་བྱེད་མི་ཐུབ་པ་དང་། རང་གི་ཁ་གཏད་དེ་ཐབས་ཤེས་གང་ཡོད་ཀྱིས་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་ཡིན་པར་སྒྲུབ་གང་ཐུབ་བྱས་རྗེས། མི་དེ་དག་ནི་༧གོང་ས་མཆོག་ལ་དད་གུས་མི་བྱེད་མཁན་དང་སྐུར་འདེབས་ཞུ་མཁན་ཡིན་ཚུལ། དེ་དག་དང་མཉམ་དུ་འབྲེལ་བ་མི་བྱེད་པ་དང་། སྡིངས་ཆ་གཅིག་ཏུ་སྡོད་མི་ཐུབ་ཚུལ་བརྗོད་ཀྱི་ཡོད་ཀྱང་། བོད་མིའི་དགྲ་བོ་རྒྱ་དམར་གཞུང་གིས་༧གོང་ས་མཆོག་ལ་“ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་ཟོལ་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་”ཞེས་ཚད་ལས་བརྒལ་བའི་གཞི་མེད་སྐུར་འདེབས་བྱས་དང་བྱེད་བཞིན་ཡོད་ཀྱང་། དེ་དག་དང་མཉམ་དུ་སྡོད་ས་རག་ན་སྡོད་ཐུབ་ཅེས་བརྗོད་བཞིན་པ་སོགས་བཙན་བྱོལ་ནང་ཆོས་མིན་སྲིད་མིན་གྱི་འཁྲབ་སྟོན་པ་མང་པོ་ཞིག་མཐོང་རྒྱུ་ཡོད།།