ཆོས་མིན་སྲིད་མིན་གྱི་འཁྲབ་སྟོན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༣ ཕྱི་ལོ་ ༢༠༡༦/༩ /༢༡
བོད་ཀྱི་གདོད་མའི་ལོ་རྒྱུས་ནང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཡོད་པ་དང་། སྐབས་དེའི་གནས་སྟངས་ཐོག་ནས་བལྟས་ན་འོས་འཚམས་ཙམ་དུ་མ་ཟད། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཐོག་ནས་བལྟས་ན་ཅུང་སྔོན་ཐོན་གྱི་རྣམ་པ་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། དུས་རབས་ཉེར་གཅིག་པར་སླེབས་ཟིན་པའི་དུས་སུ་ཆབ་སྲིད་ནི་མི་དང་མིའི་རྣམ་དཔྱོད་ཁོ་ན་ལ་བརྟེན་ནས་སྐྱོང་དགོས་པ་ལས། ལྷ་སྲུང་ལ་ལུང་བསྟན་ཞུས་ནས་ཐག་གཅོད་བྱེད་དགོས་པ་ཞིག་མིན་ལ། ཐག་གཅོད་བྱེད་ཐུབ་པ་ཞིག་དེ་བས་ཀྱང་མིན། དེར་བརྟེན་ཆབ་སྲིད་ཀྱི་འགྲོ་སྟངས་དེ་དེང་དུས་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་པར་གཞུང་འབངས་གཉིས་ངོས་ནས་འབད་བརྩོན་བྱེད་དགོས། ཕྱི་ཟླ་༩ ཚེས་༡༩ ཉིན་བཀའ་ཤག་གིས་གསོལ་འདེབས་ཞུས་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཞུ་རྒྱུ་ཡིན་ཚུལ་ཐོས་སྐབས། སེམས་པ་མ་སྐྱིད་པ་དང། ལྷག་པར་རྒྱ་ཆེའི་མི་མང་གིས་སྲིད་སྐྱོང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཞིག་བདམས་པ་དེ་ལྷ་ཕབ་འདྲེ་འདུལ་ཙམ་གྱི་ཆེད་དུ་མིན་པ་གསལ་པོ་རེད།
འདས་པའི་ལོ་རྒྱུས་ནང་དུའང་འདི་ལྟ་བུ་མང་དྲགས་མེད་ཀྱང་ཉུང་མེད་ངེས་རེད། འོན་ཀྱང་ཆོས་སྐྱོང་གིས་ལུང་བསྟན་ག་རེ་གནང་ཡོད་མེད་གསལ་པོ་མི་འདུག་ཀྱང་། སྤྱན་འདྲེན་ཞུ་དགོས་པའི་གནད་དོན་དུས་འཁོར་དབང་ཆེན་དང་འབྲེལ་བའི་ཐོག་ནས་ཡིན་འདུག དེར་བརྟེན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྒྲུབ་པའི་སྐབས་སུ་ཆོས་ཀྱི་ཆོ་ག་སྲོལ་རྒྱུན་དང་མཐུན་པའི་ཐོག་ནས་སོང་ཡང་ལུགས་སྲོལ་དང་། རྒྱུ་མཚན། གཞུང་ལུགས་གང་ཐད་ནས་འོས་འཚམས་ཆེན་པོ་ཡོད་པས། ད་ལན་གྱི་ཆོས་སྐྱོང་སྤྱན་འདྲེན་དེ་ནི་འོས་བབས་མེད་པ་ཞིག་མིན་པ་ཙམ་དུ་མ་ཟད་འགྲིག་ཡོད་ས་རེད། རྩ་བས་ང་ཚོས་ཆོས་སྐྱོང་དུ་འབོད་པ་དག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་ཡིན་མིན་མི་ཤེས་ལ། ཡེ་ཤེས་ཀྱི་སྤྱན་དང་ལྡན་ཅིང་དུས་གསུམ་གསལ་གཟིགས་མཛད་མཁན་གྱི་ཆོས་སྐྱོང་སྲུང་མ་ཞིག་ཡོད་ན་ང་ཚོ་ལ་དགོས་ངེས་སུ་གྱུར་ཡོད་ཀྱང་། མིས་ཡག་པོ་མ་བྱས་པའི་སྐབས་སུ་ལྷས་ཀྱང་འགན་མི་ཁུར་བ་དང་། ལྷས་འགན་མ་ཁུར་ན་མིས་ཀྱང་འགན་མི་ཁུར་བའི་བྱེད་སྟངས་འདི་དག་ལ་ནི་སེམས་གཏིང་ནས་སྐྱུག་མེར་ལངས་སོང་།
ད་ལྟའི་དུས་འདིར་གནས་ལུགས་དངོས་ཀྱིས་ས་རྒྱ་ཆོད་མིན་གང་ལྟར་ཡང་། བོད་པའི་བསམ་བློའི་ནང་དུ་ཆོས་སྐྱོང་སྲུང་མ་ཞེས་མི་མངོན་པའི་ཚུལ་དུ་མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས་པ་ཞིག་དང་། དེ་ཡང་མིའི་ཡིད་ལ་འདོད་པའི་དངོས་པོ་གང་ཞིག་འབད་བརྩོན་ལ་མ་ལྟོས་པར་དྲན་པ་ཙམ་གྱིས་ཀྱང་ཆོས་སྐྱོང་རྣམས་ཀྱིས་སྟེར་བར་མཛད་པའི་ལྟ་ཚུལ་ཞིག་ཡོད་པས། བོད་པ་ལྟ་བུ་ཟ་འདོད་འགུལ་དཀའ་ཅན་དག་གིས་ཆོས་སྐྱོང་སྲུང་མ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཏུ་བརྩི། འོན་ཀྱང་ཆོས་སྐྱོང་མིའི་ཁོག་ཏུ་ཞུགས་ནས་མི་ལ་མ་འོངས་སྔོན་གཟིགས་ཀྱིས་ལུང་བསྟན་སྩོལ་སྐབས་བོད་འབངས་སྤྱི་དང་ལྷག་པར་དུ་ལས་ཀྱི་སྣེ་མོ་བ་ཚོས་ཡག་པོ་མ་བྱས་པར་བརྟེན། ལྷས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་སོགས་ལ་འགན་ཁུར་མི་ཐུབ་ཚུལ་བརྗོད་སྐབས། དུས་རྒྱུན་མཆོད་གསོལ་བྱེད་བཞིན་བསམ་ཡུལ་ལས་འདས་པའི་མཐུ་དང་རྫུ་འཕྲུལ་ཅན་དག་གིས་མི་ཡིས་ཡག་པོ་མ་བྱས་པར་ཉེས་ཆད་གཅོད་འོས་ཀྱང་། ༧གོང་ས་༧མཆོག་གི་སྐུ་ཕྱྭ་དང་བོད་དོན་གྱི་ཆེད་དུ་འགན་ཁུར་གྱི་མིན་ཞེས་ག་རེ་བྱས་ནས་གསུངས་པ་རེད།
སྐབས་དེ་དང་དེ་དག་ཏུ་མིས་ཡག་པོ་མ་བྱས་པར་ཉེས་ཆད་གཅོད་རྒྱུ་དང་། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བོད་པའི་བསྟན་སྲིད་ལ་ཁ་འཛིན་སྡོང་གྲོགས་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་མཁན་ཞིག་ཡོད་ན། དོན་དངོས་བྱེད་ཐུབ་ཀྱང་མ་ཐུབ་ཀྱང་ང་ཚོར་དགོས་པའི་ཆོས་སྐྱོང་ཞེས་པ་དེ་འདྲ་ཞིག་ཡིན། མིས་ལས་ཀ་ཡག་པོ་བྱས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་འབའ་ཞིག་ཐོན་བསྡད་པའི་སྐབས་སུ་ལྷ་ཡིས་ཁ་འཛིན་སྡོང་གྲོགས་ཡིན་མིན་བཤད་དཀའ་ལ། ལྷ་ཆོས་སྐྱོང་སྲུང་མ་ཞེས་མཐུ་དང་རྫུ་འཕྲུལ་ཅན་ཞིག་དངོས་སུ་ཡོད་ན་གཙོ་ཆེ་ཤོས་མིའི་ནུས་པ་ཐོན་མི་ཐུབ་ས་དང་། མིའི་མི་འཇོན་ས་ཞིག་ལ་ཆོས་སྐྱོང་དེ་དག་གིས་རྒྱབ་སྐྱོར་དང་རོགས་རམ་གནང་དགོས་པ་ཧ་ཅང་གལ་ཆེ། དེར་བརྟེན་སྐབས་རེ་ལྷ་ཆོས་སྐྱོང་ཞེས་པ་དེ་ཡང་མི་ཐེབས་ཆག་ཅིག་དང་འདྲ་བར། ལམ་འགྲོ་ཡག་པོ་ཡོད་པའི་སྐབས་སུ་རོགས་པ་བྱེད་པ་དང། ལམ་འགྲོ་ཡག་པོ་མེད་པའི་སྐབས་སུ་རོགས་རམ་བྱེད་མཁན་ཞིག་ཡིན་ན། ཆོས་སྐྱོང་སྲུང་མ་ཞེས་མི་མངོན་པའི་གཡེར་མོ་ཆེ་འདི་དག་མེད་ཀྱང་འགྲིག་ས་རེད།
མདོར་ན་འདི་ལྟ་བུའི་ཆོ་ག་དག་བོད་ལ་གནའ་བོའི་དུས་ནས་ཡོད་སྟབས། མུ་མཐུད་དགོས་པ་ཞིག་ཡིན་པའི་དབང་དུ་བཏང་ཡང་། ཆབ་སྲིད་ཀྱི་གནད་དོན་དང་ལྷག་པར་རྩོད་རྙོག་ཆེན་པོ་ཡོད་པའི་སྐབས་སུ་ཆོས་སྐྱོང་དག་ལ་ལག་པ་ཕྱི་ས་ལྟ་བུ་བྱེད་པ་ནི་འོས་འཚམས་ཤིག་གཏན་ནས་མིན་ལ། དེ་བས་ཀྱང་ཁ་གསལ་ཙམ་བཤད་ན་ཆབ་སྲིད་ཀྱི་གནད་དོན་མི་ཡིས་བྱེད་དགོས་པ་དུས་རབས་ཉེར་གཅིག་པའི་འགྲོ་ལུགས་དང་མཐུན་པར། འགྲིག་ཀྱང་ནོར་ཡང་མི་ཡི་གནད་དོན་མི་ཡིས་ཐག་གཅོད་དང་འགན་ཁུར་བྱེད་དགོས། ཆོས་ཕྱོགས་ཀྱི་བྱེད་སྒོ་དག་ལ་སྔོན་མ་ནས་འདི་ལྟ་བུའི་ཆོ་ག་མང་པོ་ཡོད་པས་དུས་གསུམ་གསལ་གཟིགས་ག་ཚོད་ཙམ་ཡོད་མེད་ལ་མ་ལྟོས་པར་མུ་མཐུད་དུ་སོང་ཡང་འགལ་བ་མེད་པ་མ་ཟད། འདི་དག་ནི་སྐབས་རེ་དགོས་ངེས་ལྟ་བུ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་ལས་རྒྱུ་འབྲས་དང་། སྟོན་པ་སངས་རྒྱས་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་དད་པ་དང་ཡིད་ཆེས་གཏན་ནས་མེད་མཁན་དག་གིས་ཀྱང་ལྷ་ཕབ་ནས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་ཚུལ་ལྟ་བུ་ནི་ཆོས་མིན་སྲིད་མིན་གྱི་འཁྲབ་སྟོན་ཞིག་ཏུ་གྱུར་ཡོད།།