ཆོས་ཞུ་བ་རྣམས་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་ཤོངས་ཀྱི་མེད་པ།

རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ པའི་བཀའ་དབང་བཀའ་དྲིན་སྩལ་བཞིན་ཡོད་པ་དང་། སྐབས་དེར་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད་བཅས་ཀྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་ཁག་༩༢ ནས་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་ནི། འདས་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རིམ་པའི་ལོ་རྒྱུས་ཁྲོད་དད་ལྡན་ཆོས་ཞུ་བའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པ་རེད།

unnamedདད་ལྡན་ཆོས་ཞུ་བའི་མི་འབོར་ཧ་ཅང་ཕོན་ཆེན་འཛོམས་ཡོད་པར་བརྟེན། གསུང་ཆོས་དང་དུས་དབང་སྐབས་ཆོས་ཞུ་བ་རྣམས་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་ཤོངས་ཀྱི་མེད་པར། ཆོས་ཞུ་བ་སྟོང་ཕྲག་མང་པོ་གསུང་ཆོས་ར་བའི་ཕྱི་ལོག་དང་། ཤིང་སྡོང་འོག ལམ་འགྲམ་གཡས་གཡོན་དུ་བསྡད་ནས་གསུང་ཆོས་ཞུ་བཞིན་འདུག

དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཉིན་ལྟར་ཆོས་ཞུ་བ་ཡོངས་ལ་གསོལ་ཇ་དང་བག་ལེབ་འཆར་ཅན་གཏོང་གི་ཡོད་པ་དང་། ཉིན་རེར་ཁྱོན་བག་ལེབ་འབུམ་གཉིས་ལྷག་ཙམ་བཟོ་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་དང་རྩ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་ན་ཡང་། གསུང་ཆོས་སྐབས་བོད་ཀྱི་བཞོན་ནུ་ལྷན་ཚོགས་ཀྱིས་གཙོས་ཚོགས་པ་དང་མི་སྒེར་བཅས་ཁག་ཅིག་གིས། ཕྱི་ནང་དད་ལྡན་ཆོ་ཞུ་བ་རྣམས་ལ་ལས་དོན་གང་མང་ཐོག་ཕྱག་རོགས་དང་ཉིན་མཚན་མེད་པར་ཞབས་ཞུ་བསྒྲུབས་བཞིན་ཡོད་པ་རེད།

གཧགགཇཧགཧཇགཞན་ཡང་འདི་ལོར་དུས་དབང་ཐོག་མི་ཚོགས་ཧ་ཅང་ཕོན་ཆེན་འཛོམས་ཡོད་ཀྱང་། ད་བར་མི་མང་གི་བདེ་འཇགས་ཐད་ལ་ཡང་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མེད་པ་རེད། དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་འཆར་གཞི་ལྡན་པའི་གོ་སྒྲིག་གང་ལེགས་ཞུས་ཡོད་པ།  མི་སྒེར་པ་དང་དང་བླངས་ཚོགས་སྡེ་ཁག་གི་ལྷག་བསམ། གཙོ་ཆེ་ཤོས་རྒྱ་གར་དབུས་དང་མངའ་སྡེ་གཞུང་གཉིས་ཀྱིས་མཐུན་འགྱུར་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་དང་། རྒྱ་གར་གཞུང་གིས་ཆོས་ཞུ་བའི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་གཅིག་པུ་ལ་ཡང་ཁྱོན་དམག་མི་དང་ཉེན་རྟོག་པ་སྟོང་ཕྲག་༦ ལྷག་ཙམ་འགྲེམས་འཇོགས་བྱས་ཡོད་པ་རེད།

དེ་བཞིན་དུས་འཁོར་དབང་ཆེན་དང་སྟབས་བསྟུན་དགོན་སྡེ་གྲྭ་ཚང་ཁག་འདྲ་མིན་གྱིས་སྔོ་རྟེན་སྐྱབས་རྟེན་འབུལ་ས་དང་། ཚོགས་སྡེ་མིང་འཛིན་པ་འདྲ་མིན་གྱིས་གནད་དོན་འདྲ་མིན་ལ་ཁ་གཡར་ནས་ཞལ་འདེབས་བསྡུ་སློང་བྱེད་མཁན།  གླུ་གཞས་ཆེད་སྒྲིག་དགོང་འཚོགས་དང་།   ས་ཕྱོགས་འདྲ་མིན་ནས་ཡོང་བའི་ཚོང་པ་མང་པོས་ཚོང་རྫས་རྩ་ཆེ་ཆུང་དང་བཟང་ངན་ཡག་སྡུག་འདྲ་མིན་ཅི་རིགས་པའི་འགྲེམ་སྟོན་བཤམ་ནས་ཚོང་ལས་འདྲ་མིན་གཉེར་བཞིན་ཡོད་པ་དང་། ཟ་ཁང་ཇ་ཁང་ཧ་ཅང་མང་པོ་སྒོ་ཕྱེས་ནས་ཚོང་ལས་གཉེར་བ་སོགས་མདོར་ན་མི་སྒེར་གྱི་འཚོ་གནས་ཀྱི་ཆེད། དུས་དབང་དང་སྟབས་བསྟུན་ནས་ཚོང་ལས་འདྲ་མིན་སྣ་ཚོགས་ཤིག་ཀྱང་གཉེར་བཞིན་ཡོད་པ་རེད་འདུག །

རྡོར་གདན་ནས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།