ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་དབུ་འབྱེད་གནང་སོང་།


ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གྱི་སྔ་དྲོར་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་ཨ་རིའི་རོགས་ཚོགས་(USAID) ཀྱི་ལས་འཆར་དོ་དམ་པ་རྒན་པ་འབུམ་རམས་པ་ལྕམ་པུ་ནམ་སི་མིས་ཐི་སི་རིན་(Dr. Poonam Smith Sreen) གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་དབུ་འབྱེད་གནང་སོང་།
བྱེད་སྒོར་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་དང་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་རྒན་པ་Dr.Poonam Smith Sreen དེ་བཞིན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་གཙོས་པའི་ཆོས་རིག་ལས་བྱེད་དང་དགེ་བཤེས་སྨོན་ལམ། ཝ་ཏ་ཝ་ནི་ཚོགས་པའི་འཐུས་མི་སོགས་དང་གསར་འགོད་པ་བཅས་མཉམ་ཞུགས་གནང་འདུག སྐབས་དེར་ཤེས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་གྱིས་ལས་གཞི་དེའི་ཐད་འགྲེལ་བརྗོད་གནང་དོན། ལས་གཞི་དེ་ཆོས་རིག་ལས་ཁུངས་ཀྱིས་དབུ་འཛུགས་གནང་རྒྱུར་དམིགས་ཡུལ་མང་པོ་ཡོད་པ་དང་དེའི་ནང་ནས་གཙོ་བོ་དེ་བོད་ཀྱི་རིག་གཞུང་རྒྱུད་འཛིན་དང་མི་ཉམས་གོང་འཕེལ་གཏང་རྒྱུ་དེ་ཡིན་པ་དང་། དེ་ཡང་ཉིན་ལྟར་བཞིན་ལས་ཀ་རང་འཇགས་མ་ཡིན་པར་དུས་དང་མཐུན་པ་བྱེད་དགོས་པ་དང་། ད་ལྟའི་བརྡ་འཕྲིན་དུས་རབས་དང་བསྟུན་ནས་ལས་གཞི་འདི་གལ་ཆེ་སྐོར། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོས་སྡེ་ཁག་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་བཀའ་འགྱུར་བསྟན་འགྱུར་སོགས་དཔེ་རྙིང་དང་སྒྱུ་རྩལ་རིགས་ཉར་ཚགས་གནང་གི་ཡོད་ཀྱང་། བོད་མིིའི་སྒྲིག་འཛུགས་ཐུན་མོང་ནས་ཉར་ཚགས་དང་སྲུང་སྐྱོབ་ཀྱི་ཆེད་དུ་ལས་གཞི་དེ་བསྒྲིགས་པ་ཞིག་ཡིན་པ་དང་། སྐད་ཡིག་གཞན་པ་ཡིན་ན་ཡི་གེ་ངོས་འཛིན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་སྟངས་ཤིག་ཡོད་ཀྱང་དེ་ང་ཚོའི་གནས་བབ་ཐོག་ནས་ཁག་པོ་ཆགས་ཡོད་པ་དང་། གཙོ་བོ་ཆེ་བ་བཤེར་འབེབས་ལམ་ནས་ཉར་ཚགས་བྱ་རྒྱུ་ཡིན་པ་དང་། དེ་ཡང་དབང་ལུང་ཁྲིད་གསུམ་མ་ཞུས་པའི་རིགས་དང་བོད་ཀྱི་དཔེ་མཛོད་ཁང་དང་ཆོས་སྡེ་ཁག་སོགས་ནས་པར་དབང་ཞུ་དགོས་རིགས་རྒྱ་ཆེའི་མི་མང་གིས་གཟིགས་ཐུབ་ཀྱི་མེད་པ་དང་དགོས་མཁོ་ཆེ་བ་ཡིན་ན་འབྲེལ་བ་ཞུས་ཏེ་གནང་ཆོག་པ་དང་། དེ་མིན་ཚང་མ་རྒྱ་ཆེའི་མི་མང་གིས་གཟིགས་ཐུབ་ཀྱི་ཡོད་པར་བརྗོད་སོང་། གཞན་ཡང་བོད་མི་ཚང་མ་གང་སར་ཁ་འཐོར་ཡོད་པ་དེ་གྲངས་འཛིན་དཔེ་མཛོད་ཀྱི་བརྒྱུད་ལམ་གྱི་ཐོག་ནས་མ་འོངས་པར་རུག་རུག་དང་འབྲེལ་ལམ་ཆགས་ཐུབ་པའི་ཆེད་དུ་ཡིན་པ་དང་། དེ་བཞིན་བཀའ་ཤག་སྐབས་བཅུ་དྲུག་པས་དབུ་འཛུགས་ཞུས་པའི་རྗེས་༢༠༢༢ ཕྱི་ཟླ་༤ པ་ནས་དབུས་ལས་ཁུངས་ཁག་གི་གཞུང་འབྲེལ་ཡིག་འབྲེལ་ཚང་མ་གློག་འཕྲུལ་ཡིག་ཚགས་ཀྱི་ཐོག་བསྒྱུར་ཡོད་པས་དམིགས་ཡུལ་དེ་དང་མཐུན་པའི་སྒོ་ནས་གྲངས་འཛིན་ལས་གཞི་འདི་འགོ་འཛུགས་ཀྱི་ཡོད་པ་སོགས་བརྗོད་སོང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ལས་གཞི་དེ་དང་འབྲེལ་ནས་གསུངས་དོན། ཆོས་རིག་ལས་ཁུངས། ཝ་ཏ་ཝ་ནིས།  AIབཅོས་མའི་རིག་རྩལ་ཟུང་འབྲེལ་ཐོག་ནས་ལས་གཞི་གསར་པ་ཞིག་འགོ་འཛུགས་ཀྱི་བྱེད་ཀྱི་ཡོད་པ་དང་། ལས་གཞི་དབུ་འབྱེད་མ་གནང་སྔོན་གྱི་དེ་རིང་ཞོགས་པར་གོང་གི་ཚོགས་པ་དང་ལས་ཁུངས་ཀྱི་འཐུས་མི་རྣམས་༧གོང་ས་མཆོག་མཇལ་ཁ་ཞུས་པ་དང་ལས་གཞི་དེ་རྒྱ་ཆེན་པོ་དང་གལ་ཆེན་པོ་ངོས་འཛིན་གནང་གི་ཡོད་སྐོར་དང་། གཞན་ཡང་དེ་རིང་ཞོགས་པར་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བུད་མེད་ནུས་སྟོབས་ཚན་པའི་དུས་ཡུན་ཉིན་གསུམ་གྱི་ཚོགས་འདུ་འགོ་བཙུགས་ཡོད་པ། དེ་རིང་གི་ཉིན་མོ་དེ་ལོ་རྒྱུས་ཀྱི་དྲན་ཤེས་ནང་ཧ་གོ་བ་ཆགས་པའི་རེ་བ་གནང་གི་ཡོད་སྐོར་སོགས་གསུངས་པ་དང་། དེ་བཞིན་ལས་ཀ་བྱེད་སྟངས་ཀྱང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའམ་འབྲེལ་བ་བྱེད་ཡུལ་དཔེ་རྙིང་དང་རྫས་རྙིང་པའི་བདག་དབང་ཡོད་མཁན་མཉམ་དུ་ལས་ཀ་བྱེད་རྒྱུ་དང་དཔེ་རྙིང་རྣམས་བཤེར་འབེབས་ནང་ཕབ་སྟེ། གྲངས་འཛིན་གྱི་ངོ་བོའི་ཐོག་ནས་ཉར་ཐུབ་པ་ཙམ་མ་ཡིན་པར་གཞུག་མ་བེད་སྤྱོད་ཚད་ལྡན་ཞིག་དང་། བོད་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྱོན་ལ་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་དེ་ཚོ་ཆ་ཚང་ངོ་སྤྲོད་བྱེད་ཐུབ་པ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཞག་པའི་ཐོག་ནས་མ་འོངས་པར་ང་ཚོས་གོམ་པ་ག་རེ་བརྒྱབས་ཀྱང་དེང་དུས་ཀྱི་འཕྲུལ་རིག་གི་ཡར་རྒྱས་ཚད་དང་མཐུན་པ་ཞིག་དང་། མ་འོངས་པར་འགྱུར་བ་ག་རེ་འགྲོ་སྲིད་པ་དང་དེ་དང་བསྟུན་ནས་ང་ཚོས་རྗེས་ཟིན་པ་བྱེད་རྒྱུ་དེ་ཡིན་པ་སོགས་གསུངས་སོང་། 

གཞན་ཡང་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་རྒན་པ་འབུམ་རམས་པ་ Poonam པུ་ནམ་ནས་འདས་པའི་ལོ་དྲུག་ཅུའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་དང་ལམ་སྟོན་འོག་ནས་བཙན་བྱོལ་ནང་གི་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་མ་ཉམས་པར་གསོན་གནས་ཐུབ་པར་བྱས་པ་དེར་བསྔགས་བརྗོད་དང་། མ་འོངས་པར་མུ་མཐུད་རྒྱུན་འཛིན་གནང་རྒྱུའི་ཆེད་ལས་གཞི་སྤེལ་རྒྱུ་གལ་ཆེན་ཡིན་པ་ལྟར། ཐེངས་འདིའི་ལས་གཞིའི་ཁོངས་སུ་གྲངས་མཛོད་དཔེ་མཛོད་ཀྱི་ལས་འཆར་དེ་གལ་གནད་ཆེན་པོ་ཆགས་ཡོད་པའི་སྐོར་སོགས་གསུངས་སོང་། ད་ལྟའི་ལས་གཞི་འདིའི་དངུལ་གྱི་འགྲོ་གྲོན་ཨ་རིའི་རོགས་ཚོགས་USAID ནས་གནང་གི་ཡོད་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།