ཆོས་ལ་དད་པ་བྱེད་མིན་སོ་སོའི་རང་དབང་རེད།

༧གོང་ས་མཆོག་གིས་ཆོས་ལ་དད་པ་བྱེད་མིན་ནི་སོ་སོའི་རང་དབང་ཡིན་པ་དང། དད་པ་བྱེད་ཀྱི་མེད་ན་སྐུར་བ་འདེབས་མིན་སོ་སོའི་རང་དབང་ཡིན་པ། གལ་ཏེ་ཆོས་ཁས་ལེན་གྱི་ཡོད་ན་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་བྱེད་དགོས་སྐོར་གྱི་བཀའ་སློབ་གནང་སོང།

133343_845381506_oདེ་ཡང་ཟླ་འདིའི་ཚེས་༡ ཉིན་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་གོ་སྒྲིག་འོག ༧གོང་ས་མཆོག་གིས་བོད་རིགས་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་“འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་”གི་གསུང་ཆོས་འགོ་འཛུགས་གནང་སོང། དེ་གར་སློབ་གྲྭའི་སློབ་ཕྲུག་དང། མཐོ་རིམ་སློབ་མ། དེ་བཞིན་སེར་སྐྱ་མི་མང་དང་ཕྱི་རྒྱལ་བ་སོགས་གསུང་ཆོས་ལ་བཅར་ཡོད་པ་རེད།

ཐོག་མར་སློབ་ཕྲུག་ཁ་ཅིག་ནས། ༧གོང་ས་མཆོག་གིས་སྐུ་མདུན་དུ་རྟགས་གསལ་བརྩད་པ་དང་། ༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་བཤད་དུ་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱེད་སྟངས་དང་འབྲེལ་ནས་གསུང་དོན། སློབ་གྲྭ་ཁག་གི་ནང་ཐོས་བྱུང་གི་ཤེས་རབ་ཙམ་གྱིས་ནུས་པ་ཐོན་པ་ཡོང་གི་མེད་པས།སེམས་བྱུང་གི་ཤེས་རབ་ཐོག་ནས་སློབ་སྦྱོང་བྱེད་དགོས་པ། དགེ་རྒན་ཚོས་སློབ་ཁྲིད་རིག་ལམ་ཐོག་ནས་བྱས་ན། སློབ་ཕྲུག་ཚོས་ཀྱང་སློབ་སྦྱོང་དེ་ལྟར་བྱས་ཚེ། སེམས་ལ་ངེས་པ་གཏིང་ཟབ་སྐྱེས་ནས་ཡིད་ཆེས་རྙེད་ཀྱི་ཡོད་པ་དང། འགྱུར་བ་ཡང་འགྲོ་ཡི་ཡོད་སྐོར་གསུངས་སོང།

དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། འཛམ་གླིང་གི་ཆོས་ལུགས་ནང་སྟོན་པ་ཞིག་གིས་རང་ཉིད་ཀྱི་གསུང་ལ་བརྟག་དཔྱད་གྱིས་ཟེར་མཁན་ནང་ཆོས་ཡིན་པས། ཆོས་ལ་དད་པ་བྱེད་མིན་སོ་སོའི་རང་དབང་དང། ཆོས་ལ་དད་པ་བྱེད་ཀྱི་མེད་ན་སྐུར་བ་འདེབས་མིན་སོ་སོའི་རང་དབང་ཡིན་པ། གལ་ཏེ་ཆོས་ཁས་ལེན་གྱི་ཡོད་ན་རྒྱུ་མཚན་ཤེས་པའི་ཐོག་ནས་འགྲོ་དགོས་པ། བོད་པའི་མང་ཚོགས་ནང་ཆོས་ཀྱི་གོ་བ་བླངས་ནས་ཉམས་ལེན་བྱེད་མཁན་ཉུང་ཉུང་ཡིན་པས། ཐེག་པ་གཉིས་དང་གསང་སྔགས་སོགས་ཀྱི་ཐོག་ལ། རིག་ལམ་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་སོང།

ཤེས་ཡོན་གྱི་སློབ་གསོ་ནང་ཡ་རབས་སྤྱོད་བཟང་དགོས་གལ་ཆེ་བ་དང་འབྲེལ་ནས་༧གོང་ས་མཆོག་གིས་གསུང་དོན།ཤེས་ཡོན་གྱི་སློབ་གསོ་ནང་ཡ་རབས་སྤྱོད་བཟང་གི་སློབ་གསོ་འདང་གི་མེད་པ། དེ་བཞིན་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ཡིན་པ་དང། ཁོང་ཁྲོ་སོགས་ཀྱི་སེམས་བྱུང་རྣམས་ཀྱི་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད་པ་བཤད་ཀྱི་ཡོད་པས། དེ་ལ་བརྟེན་ནས་འཛམ་གླིང་དེ་བྱམས་བརྩེ་ལྡན་པ་ཞིག་ཆགས་པར་རེ་བ་ཡོད་སྐོར་སོགས་གསུངས་སོང།

༧གོང་ས་མཆོག་ནས་བོད་རིགས་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་དེ་ཐེངས་༡༠ པ་ཆགས་ཀྱི་ཡོད་པ་དང། ཉིན་གསུམ་རིང་ཞོགས་པར་༧གོང་ས་མཆོག་གིས་གསུང་ཆོས་གནང་རྒྱུ་ཡིན་ཁར། ཉིན་རྒྱབ་དགེ་བཤེས་རྣམ་པ་དང་སློབ་མའི་དབར་དྲི་བ་དྲི་ལན་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།