ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་བོད་པའི་སློབ་ཕྲུག་གི་ཆེད་དུ་མིན།
2017/7/18 རྫ་ཚེ་རིང་བཀྲ་ཤིས། (ཨོ་གླིང་)
གཅིག
དེ་རིང་ངས་དྲ་ལམ་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་འབྲེལ་བའི་ལས་འགུལ་གྱི་རྣམ་པ་འགའ་མཐོང་བ་དང་འབྲེལ་ནས་བརྗོད་གཞི་འདིའི་ཐོག་སྐད་ཆ་ཁ་ཤས་ཤིག་བཤད་འདོད་སྐྱེས་བྱུང་། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་༧གོང་ས་མཆོག་གི་བཀའ་སློབ་གལ་ཆེན་ཞིག་རེད་ལ། ༧གོངས་མཆོག་གི་བཀའ་སློབ་ལག་ལེན་དུ་བསྟར་རྒྱུ་ནི་བོད་མི་ཡོངས་ལ་འཁྲི་བའི་ལས་འགན་ཞིག་རེད། འདི་ལ་ཐེ་ཚོམ་གང་ཡང་མེད། འོན་ཀྱང་། བཀའ་སློབ་དང་ལམ་སྟོན་དེ་ཚོ་ལ་རིམ་པ་མང་པོ་ཡོད་ཅིང་། འགའ་ཞིག་ལག་བསྟར་བཀའ་ཁྱབ་ཡིན་པ་དང་། ཡང་འགའ་ཞིག་ནི་སྐུ་སྒེར་གྱི་དགོངས་ཚུལ་གཞེན་སྐུལ་གྱི་ངོ་བོའི་ཐོག་ནས་གསུང་གིན་ཡོད།
དང་པོ་ནི། ལག་ལེན་དུ་བསྟར་དགོས་པ་ཞིག་ཡིན་ན་ཡང་། དགོངས་གཞི་གང་ལ་དགོངས་ནས་གསུངས་པ་དང་། ཁྱབ་ཁོངས་ག་འདྲ་ཞིག་ལ་ལག་ལེན་འོས་པ། བཀའ་སློབ་ཀྱི་རྒྱབ་ལྗོངས་དངོས་གང་ཡིན་པ་སོགས་ལ་གོ་བ་ལེན་རྒྱུའི་ཐོབ་ཐང་དང་འོས་འགན་གཉིས་ཀ་ང་ཚོར་ཡོད་པ་རེད།
གཉིས་པ་ནི། གང་ཟག་སྒེར་གྱི་འཚོ་བའི་ཁྱབ་ཁོངས་སུ་བཞག་ནས་གང་ཐུབ་ཀྱི་སློབ་སྦྱོང་དང་ཉམས་ལེན་དགོས་པ་ཞིག་རེད། དེ་མིན་ཚིག་ཟིན་ཡོངས་རྫོགས་སྒྲ་ཅི་བཞིན་དུ་གོ་བ་བླངས་ནས་གཞུང་གི་སྲིད་ཇུས་ལྟ་བུ་ཆགས་ན་དེ་ནི་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས་ཡག་ཤོས་དེ་མ་རེད།
གཉིས། ༽
སྤྱིར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདིར་མིང་ཚིག་གི་བྱུང་རིམ་དང་འགྲེལ་བཤད་མ་འདྲ་བ་ངེས་ཅན་ཡོད་འདུག་ན་ཡང་། གོ་བ་སྟབས་བདེ་ས་ནས་བླངས་ན་ཕལ་ཆེར་འགྲོ་བ་མིའི་གཞི་རྩའི་ལེགས་ཆའམ། ཡང་ན་ཡོངས་ཁྱབ་ཀྱིས་ཁས་ལེན་ཡོད་པའི་རིན་ཐང་ཁག་གཞི་རྩར་བཞག་པའི་ཐོག་ནས་སློབ་གསོ་གཏོང་སྟངས་ཤིག་རེད། ༧གོང་ས་མཆོག་གིས་ཐེངས་མང་པོར་འདིའི་སྐོར་ནས་གསུངས་ཡོད་པ་དང་། འཛམ་གླིང་ཡོངས་ཁྱབ་ཏུ་ཡང་འདིའི་སྐོར་ལ་འབོད་སྐུལ་དང་སྣེ་ཁྲིད་ཀྱང་གནང་བཞིན་ཡོད།
གསུམ། ༽
མཁྱེན་གསལ་ལྟར་༧གོང་ས་མཆོག་ལ་ཀུན་ཁྱབ་ཀྱི་མཛད་འགན་གསུམ་ཡོད་པའི་དང་པོ་དེ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐུན་མོང་གི་འཚོ་གནས་ཀྱི་བདེ་སྐྱིད་དང་འབྲེལ་བའི་བཀའ་སློབ་དང་ཕྱག་ལས་གནང་རྒྱུ་དེ་རེད། དེའི་ཆ་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་འདི་རླབས་ཆེན་ཞིག་ཡིན་པར་ཐེ་ཚོམ་རྩ་བ་ནས་མེད། ཁྱད་པར་དུ་༧གོང་ས་མཆོག་ཉིད་འཛམ་བུ་གླིང་གི་ཆོས་ལུགས་དང་མི་རིགས་མི་འདྲ་བའི་མི་མང་ས་ཡ་མང་པོའི་རེ་ལྟོས་དང་དགའ་མོས་ཞུ་ཡུལ་གྱི་བསམ་བློའི་དབུ་ཁྲིད་གལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་ཐོག་ནས་བྱམས་བརྩེ་དང་བཟོད་སྲན་སོགས་ཀྱི་སྙིང་སྟོབས་དར་སྤེལ་གནང་བ་ནི་ཧ་ཅང་རླབས་ཆེན་ཞིག་རེད།
བཞི།༽
འོན་ཀྱང་། ང་ཚོ་བོད་པའི་སྤྱི་ཚོགས་ནི་༧གོང་ས་མཆོག་གི་ནང་མའི་དགེ་ཕྲུག་ཡིན་ཞིང་། ནང་པ་སངས་རྒྱས་པའི་ཐུན་མིན་གྱི་ལྟ་གྲུབ་ཉམས་ལེན་ཁྱབ་སྤེལ་གནང་ཡུལ་གཙོ་བོ་དེ་ཡིན། ༧གོང་ས་མཆོག་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གཞུང་གི་འདུ་ཤེས་རྩིས་སྤྲོད་གནང་ཡུལ་ཡང་ང་ཚོ་བོད་པ་ཚོ་ཡིན། དེའི་ཆ་ནས་ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལ་གོ་བ་ལེན་སྟངས་དང་ལག་ལེན་བསྟར་སྟངས་དེ་གཞན་པ་ཚོ་དང་གཏན་ནས་མི་འདྲ།
ལྔ།༽
བོད་པ་དང་བོད་པའི་སློབ་གྲྭའི་ཕྲུ་གུ་སོགས་ལ་ནི་བཟང་སྤྱོད་ཀྱི་སློབ་གསོ་གང་གནང་ཡང་གཙོ་བོ་ནང་ཆོས་རང་གི་ཐོག་ནས་སློབ་གསོ་དར་སྤེལ་བྱེད་པ་དེ་ཧ་ཅང་འོས་མཚམས་ཡིན་ལ། ཆོས་ལུགས་དང་མ་འབྲེལ་བ་ཟེར་རྒྱུའི་ཚབ་ལ་ནང་ཆོས་དང་ཁ་མ་བྲལ་ཞེས་པའི་ཚིག་འདི་སྤྱད་ན་དེ་བས་ཀྱང་འཚམ། འདི་ནི་༧གོང་ས་མཆོག་གིས་ཡང་ཡང་གསུངས་པའི་བོད་ཀྱི་གཞོན་སྐྱེས་དག་གིས་འཛམ་གླིང་ལ་ངོམ་དུ་རེ་བའི་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་སྟངས་དང་། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས། འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་ལ་བོད་པ་ཚོའི་ངོས་ནས་ལེགས་སྐྱེས་འབུལ་སྟངས་བཅས་ཡིན། མ་མཐའ་ཡང་ངས་འདི་ལྟར་གོ་བ་ལེན་གྱི་ཡོད།
དྲུག ༽
སྤྱིར་དེང་སང་གི་གཞོན་སྐྱེས་མང་པོ་ཞིག་ལ་ཕ་མེས་ནས་བརྒྱུད་པའི་རིག་གཞུང་གི་བསམ་བློ་དང་མི་རིགས་ཀྱི་གོམས་གཤིས་སོགས་རྒྱུན་འཛིན་བྱེད་པའི་གོ་སྐབས་སམ་དུས་ཚོད་ཧ་ཅང་དཀོན་ལ། ཞན་ཆ་དེའི་འོག་ནས་བོད་པ་ཡིན་ཡང་བོད་པའི་བསམ་བློ་དང་རིག་གཞུང་གི་གོམས་གཤིས་དེ་ཉམས་ཞན་དུ་འགྲོ་བཞིན་པའི་གནས་སྟངས་ཞིག་ཡོང་གིན་ཡོད།
སློབ་གྲྭའི་གཞི་རྩའི་སློབ་གསོ་དག་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་སྲིད་ཇུས་ལྟར་འགྲོ་དགོས་པའི་དཀའ་ངལ་ཡོད་པའི་ཐོག ཀུན་སྤྱོད་དང་འབྲེལ་བའི་སློབ་གསོའི་གོ་སྐབས་ཅུང་ཟད་ཡོད་པ་དེ་ཚོར་ཡང་ཆོས་དང་མ་འབྲེལ་བའི་སློབ་གསོ་ཞེས་བསྒྱུར་ཏེ་ཆོས་ཕྱོགས་ཀྱི་འཆད་སྟངས་དང་། ཐུན་མིན་གྱི་སློབ་གསོའི་འགྲོ་སྟངས་དེ་ཚོ་ག་ལེར་མེད་པ་ཆགས་ན་དེ་ནས་ཕྲུ་གུ་དེ་དག་གི་སེམས་ཁམས་སུ་ནང་ཆོས་ཀྱི་སློབ་གསོ་ཡག་པོ་ཞིག་འཇགས་རྒྱུའི་གོ་སྐབས་ཐ་མ་དེ་ཡང་མེད་པ་ཆགས་རྒྱུ་རེད། དེ་འདྲའི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་སྤྱིར་བཏང་ཡ་རབས་ཞིག་ཡོང་ནའང་ཐང་མོད། ནང་པའི་རྗེས་འབྲངས་པ་དང་བོད་ཀྱི་རིག་གཞུང་གི་ཐུན་མིན་གྱི་རང་གཤིས་ཡོད་པའི་མི་ཞིག་ཏུ་འཚར་ལོང་ཡོང་ཐབས་མེད། དེས་ན་ནར་མ་སོན་པའི་བོད་ཀྱི་སློབ་གྲྭའི་ཁོར་ཡུག་ཏུ་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་སློབ་གསོའི་དར་ཆ་འདི་ཤུགས་ཆེན་པོའི་ཁྱབ་བསྒྲགས་བྱེད་པ་ནི་ཉེན་ཁ་ཞིག་ཡིན།
བདུན། ༽
དེ་ཡང་དཔེ་མཚོན་ཞིག་གི་ཐོག་ནས་ཞུས་ན། བོད་ཀྱི་ཕྲུ་གུ་དེ་ཚོར་བཟོད་པའི་ཉམས་ལེན་ལྟ་བུ་ཞིག་སློབ་ཁྲིད་བྱེད་ན་ཡང་། ཚེ་སྔ་ཕྱི་དང་ལས་འབྲས་ཀྱི་ལྟ་གྲུབ་རྨང་གཞིར་བཞག་ནས་སློབ་ཁྲིད་བྱེད་དགོས་ལ། དེ་ལྟར་བྱས་ན་ཆོས་ལུགས་ཀྱི་གཞི་རྩའི་ཡང་དག་པའི་ལྟ་གྲུབ་ཀྱི་རྩ་བ་གང་ལེགས་ཚུགས་ཐུབ་ཅིང་། ཀུན་སྤྱོད་སློབ་གསོའི་དངོས་ཡོད་ཀྱི་དགོས་དོན་ཡང་འགྲུབ་པ་རེད། དེ་ལས་ལྡོག་ཏེ་སློབ་གསོ་དེ་ཚོའི་རྩ་བའི་འབྱུང་ཁུངས་དང་ངོ་བོ་ལས་གཡོལ་དགོས་པའི་རྒྱུ་མཚན་གཏན་ནས་མེད་པ་རེད།
ཁྱད་པར་ནང་པ་ཞིག་ཡིན་པའི་ངོས་ནས་ཞུས་ན། དགེ་བ་ཚང་མ་སེམས་ཀྱི་ཀུན་སློང་ལས་བསོད་ནམས་དང་སྡིག་པའི་ངོ་བོ་དང་ཆེ་ཆུང་དབྱེ་བ་འདི་ཧ་ཅང་གལ་ཆེན་དུ་རྩི་བཞིན་ཡོད། དེ་ཡང་། མི་ཞིག་གིས་བསམ་པ་བཟང་པོས་མི་གཞན་ལ་རོགས་པ་ཞིག་བྱས་པ་ལྟ་བུར་མཚོན་ན། ངེས་འབྱུང་གིས་ཟིན་ན་ཐར་པའི་ལམ་དང་འབྲེལ་བའི་དགེ་བ་ཆགས་ཀྱི་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཐེག་ཆེན་གྱི་དགེ་བ་ཆགས་ཀྱི་ཡོད་ལ། ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བྱས་ན་སྤྱིར་བཏང་གི་དགེ་བ་ཙམ་ཆགས་ཀྱི་ཡོད་ལ། དེ་ལ་དམ་པའི་ཆོས་མངོན་པ་ལས་ལེགས་སྤྱད་ཅེས་གསུངས་ཡོད།
དེས་ན་བོད་པ་ཞིག་ཡིན་པའི་ངོས་ནས་དགེ་བ་དང་བཟང་སྤྱོད་ཀྱི་ཉམས་ལེན་ག་འདྲ་ཞིག་ཡིན་ཡང་གང་ཐུབ་ཐུབ་ཀྱིས་ཆོས་ལུགས་དང་འབྲེལ་བའི་ཀུན་སྤྱོད་ཅིག་ཡིན་དགོས་པ་དེ་ཧ་ཅང་གནད་འགག་ཅིག་མིན་ནམ་སྙམ།
བརྒྱད།༽
ངས་འདིར་བརྗོད་བཞིན་པའི་ཆོས་ལུགས་དང་འབྲེལ་བ་ཟེར་བ་དེ་ཡང་། འདོན་ཆོག་གང་རུང་ཞིག་དང་སྦྲེལ་དགོས་པའམ། ཕྱག་རྒྱ་དང་སྟངས་སྟབས་དམིགས་བསལ་བ་ཞིག་དང་སྦྲེལ་དགོས་པའི་དོན་མིན། དེ་ཡང་འཇིག་རྟེན་ཡང་དག་གི་ལྟ་བ་སྟེ། ཚེ་སྔ་ཕྱི་དང་ལས་འབྲས་ལ་ཡིད་ཆེས་པའི་ལྟ་གྲུབ་ཅིག་གི་རྨང་གཞི་བྱས་ཏེ། དེའི་ཐོག་ཏུ་སྤྱོད་འཇུག་བཟོད་པའི་ལེའུ་ལྟ་བུ་ཞིག་ལ་སློབ་སྦྱོང་བྱེད་པའི་དབང་དུ་བཏང་ཡང་། སྟོན་པ་ཐུགས་རྗེ་ཅན་དང་བྱང་སེམས་བདག་ཉིད་ཆེན་པོ་རྣམས་གྱི་ཉམས་ལེན་དང་རླབས་ཆེན་གྱི་མངོན་རྟོགས་ལ་ཡིད་ཆེས་པའི་ཐོག་ནས་དེ་དག་གི་རྗེས་འཇུག་ཅིག་ཡིན་སྙམས་པའི་ངོས་འཛིན་གྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་ཟེར་བ་ཡིན། དེ་ལྟར་བྱུང་བ་ཡིན་ན་གཞི་ནས་ཆོས་ཀྱི་ཞགས་རྩི་ཡོད་པའི་ནང་པའི་རྗེས་འཇུག་ཞིག་ཆགས་ཐུབ་རྒྱུ་རེད་ལ། ནང་པ་ལ་ཡོད་འོས་པའི་ཀུན་སྤྱོད་ཀྱི་སློབ་གསོ་དངོས་དེ་ཡང་དེ་འདྲ་བྱས་ནས་ཡོང་གི་ཡོད་པ་རེད།
དགུ།༽
དེང་སང་ནང་པའི་དགེ་ལས་ཚོགས་པ་དེ་འདྲས་བཙུགས་པའི་སློབ་གྲྭ྄་དང་། སྤྱིར་བཏང་གི་ཟ་ཁང་དང་ཚོང་ཁང་མང་པོ་ཞིག་གིས་རང་ཉིད་ནང་པ་ཡིན་ཡང་ཚོང་མགྲོན་འགུག་པའི་ཆེད་དུ་ཆོས་ལུགས་བྱེ་བྲག་པ་དང་མ་འབྲེལ་རྣམ་པ་གཙོར་འདོན་བྱེད་མཁན་རིགས་གཅིག་ཡོད་པ་རེད། སྤྱིར་བཏང་སྒེར་གྱི་དད་མོས་དང་སྤྱི་ཚོགས་དང་འབྲེལ་བའི་ལས་ཀ་གཉིས་བར་དབྱེ་མཚམས་འཛིན་པ་དེ་ཡང་མཐའ་གཅིག་ཏུ་སྐྱོན་ཆ་ཞིག་མ་རེད།
འོན་ཀྱང་། བོད་ནི་དེ་དང་མི་འདྲ་བར་བོད་ལ་ཡོད་པའི་རིག་གཞུང་ནི་ནང་པའི་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པ་དང་། ཁྱད་པར་ད་ལྟའི་བོད་ཀྱི་སློབ་གྲྭ་ཁག་གི་ཕྲུ་གུ་དག་གི་འཚོ་བ་དང་བསམ་བློ་ཆོས་དང་རིག་གཞུང་གི་བསམ་བློ་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་དུས་ཚོད་འདི་འདྲ་ཞིག་ལ་ཆོས་དང་འབྲེལ་བའི་ཀུན་སྤྱོད་ཀྱི་སློབ་གསོ་ཅུང་ཟད་ཡོད་པ་དེ་ཚོ་ཡང་ཆོས་དང་མ་འབྲེལ་བ་ཞེས་པའི་མིང་བྱང་འོག་ཏུ་བཅུག་ནས་རྩལ་འདོན་གནང་ཆེ་བ་ཡིན་ན་དེས་ག་ལེར་བྱས་ནས་ལྡོག་ཕྱོགས་ཀྱི་མཇུག་འབྲས་བསྐྱེད་སྲིད།
བཅུ།
ཡང་སློབ་གྲྭའི་དགེ་རྒན་དང་། ཡང་ན་དགེ་འོས་སློབ་གྲྭའམ་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་སོགས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོའི་གོ་དོན་གང་ཡིན་དང་། སློབ་གསོ་དེ་བརྒྱུད་ནས་སྤྱི་ཚོགས་ཐོག་གི་ཆོས་ལུགས་ཁས་མི་ལེན་པ་དང་། ཆོས་ལུགས་དང་འབྲེལ་མེད་དུ་གནས་པའི་མི་ཚོར་ཕན་འདོགས་སྟངས་སོགས་༧གོང་ས་མཆོག་གི་བཀའ་སློབ་དང་དགོངས་བཞེད་ལྟར་ཁྱབ་སྤེལ་བྱེད་སྟངས་ཐད་ཟབ་སྦྱོང་ག་འདྲ་ཞིག་སྤྲད་ནའང་འདྲ། མི་སྒེར་གྱི་ངོས་ནས་ལས་དོན་ག་འདྲ་ཞིག་སྒྲུབ་ན་ཡང་དེ་ནི་ཧ་ཅང་འགྲིག་པ་ཞིག་རེད།