ཆོས་སྲིད་ཟུང་འབྲེལ་གྱི་རྒྱབ་མདུན།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༥༣གྱི་ཆེད་བརྗོད།

ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་འདི་ལ་གོ་དོན་མི་འདྲ་བ་མང་པོ་ཡོད་ལ། ཡུ་རོབ་གཙོ་བོར་གྱུར་པའི་ནུབ་ཕྱོགས་པས་ཆོས་སྲིད་ཟུང་འབྲེལ་ནི་བླ་མ་གཅིག་གམ་བླ་བྲང་གཅིག་གིས་ཆོས་སྲིད་གཉིས་ཀྱི་དབང་ཆ་བཟུང་ནས་སྤྱི་ཚོགས་ཁ་ལོ་བསྒྱུར་བ་ལ་གོ་བ་བླངས་པའི་ཤུགས་རྐྱེན་གྱིས། འཛམ་གླིང་ཤར་ནུབ་ཀུན་ཏུ་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་ལ་གོ་བ་དེ་ལྟ་བུ་ལེན་མཁན་མང་པོ་བྱུང་། བར་ལམ་ནས་བཟུང་ཚིག་དེ་གོ་བ་ཙམ་གྱིས་རང་བཞིན་གྱིས་མ་འོས་པ་དང་མི་རུང་བ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་བྱུང་ཡོད་པ་བཞིན། བོད་ཀྱི་མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ནུབ་ཕྱོགས་པའི་འདོད་ཚུལ་རྒྱ་ནག་ཏུ་ཁྱབ་པ་གཞིར་བཟུང་གིས་འགྲེལ་བརྗོད་གནང་ཡོད་ཀྱང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་ཟུང་འབྲེལ་ནི། ཆབ་སྲིད་དེ་བྱམས་སེམས་དང་གཞན་ཕན་ལྡན་པའི་ཐོག་ནས་ལག་བསྟར་བྱེད་པ་ལ་གོ་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཡང་འདི་རེད།

བོད་ཀྱི་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། “ཆོས་ལྡན་རྒྱལ་ཁབ་མི་རིགས་ཀུན་ལ་ཡོད།། ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར།། ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང་།། ཟུང་དུ་སྦྲེལ་བས་གཉིས་ཀའི་ནུས་པ་ཤོར།།”ཞེས་གསུངས་པ་ནི། འཛམ་གླིང་ཤར་ནུབ་ཀུན་ཏུ་ཆབ་སྲིད་པས་རང་ཉིད་ཀྱི་དབང་ཤུགས་སྲ་བརྟན་གཏོང་ཆེད་ཆོས་ལ་ཁ་གཡར་ནས་མི་མང་མགོ་སྐོར་གཏོང་བ་དང་། ཆོས་པའི་རྣམ་པ་ཅན་གྱི་མི་ཆེན་མང་པོ་ཞིག་གིས་རང་ཉིད་དང་ལྟོས་བཅས་རྣམས་ཀྱི་ཁེ་ཕན་ལ་དམིགས་ནས་ཆོས་ཀྱི་མིང་ཐོག་ནས་ཆབ་སྲིད་པ་མི་སྒེར་རམ། ཆབ་སྲིད་ཀྱི་ཚོགས་ཁག་གང་རུང་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཕྱོགས་གང་སར་སྔར་ལས་མང་དུ་འགྲོ་བཞིན་འདུག ཆོས་ཀྱི་བསམ་བློ་དང་ཤུགས་རྐྱེན་ལ་བརྟེན་ནས་ཆབ་སྲིད་ལ་གྱོང་རག་མཁན་ཞིག་བཙན་བྱོལ་བོད་གཞུང་ཙམ་ལས་གཞན་ཕལ་ཆེར་ཡོད་ཀྱི་མ་རེད་དེ། ད་ལྟའི་ཆར་དོན་དུ་ཆབ་སྲིད་པ་དག་གིས་ཆོས་བེད་སྤྱོད་བྱས་ནས་ཆབ་སྲིད་ཀྱི་ཁེ་ཕན་འགྲུབ་ཐབས་བྱེད་མཁན་ཧ་ཅང་མང་པོ་ཡོད།

བཙན་བྱོལ་སྤྱི་ཚོགས་ནང་ཆོས་སྲིད་ཟུང་འབྲེལ་མི་དགོས་པའི་བསམ་ཚུལ་འདོན་མཁན་རེ་ཟུང་གིས། ཆོས་བརྒྱུད་སྤྱི་འཐུས་ཆོས་སྲིད་ཟུང་འབྲེལ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་ཁུལ་བྱས་ཀྱང་། དེ་ནི་རང་གི་བསམ་ཚུལ་ཉི་ཚེ་བ་དག་བཤད་རྒྱུའི་གོ་སྐབས་བཙལ་བ་ཙམ་ལས། སྤྱི་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་མངའ་གང་ཡང་མེད་པའི་རང་རྟགས་ཙམ་དུ་མངོན། གནས་ཡུལ་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཆོས་མེད་རིང་ལུགས་(Σεχυλαρ)སམ། གཞུང་གི་ཐོག་ནས་ཆོས་དང་མ་འབྲེལ་བའི་རྒྱལ་ཁབ་ཅིག་ཡིན་ཡང་། རྒྱ་གར་གྱི་མངའ་སྡེ་ཆེ་ཤོས་ΥΠ ཡི་སྤྱི་ཁྱབ་བློན་ཆེན་ཧིན་དུའི་བླ་མ་ཞིག་ཡིན་པ་དང་། འབྲས་ལྗོངས་མངའ་སྡེའི་ནང་ཆོས་བརྒྱུད་སྤྱི་འཐུས་ཡོད་པས། ཆོས་སྲིད་ཟུང་འབྲེལ་མེད་པ་ཙམ་གྱིས་ཆོས་བརྒྱུད་སྤྱི་འཐུས་ཡོད་མི་ཆོག་པ་ཞིག་མ་རེད། ནུབ་ཕྱོགས་པས་ཆོས་སྲིད་ཟུང་འབྲེལ་ནི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་སུ་གོ་བ་ལས། ཆབ་སྲིད་ཀྱི་ཁོར་ཡུག་ནང་ཆོས་ལུགས་མི་སྣ་ཡོད་པ་ཙམ་གྱིས་ཆོས་སྲིད་ཟུང་འབྲེལ་དུ་ངོས་འཛིན་བྱས་པ་ཞིག་མ་རེད།

སྤྱིར་དུས་རབས་ཉེར་གཅིག་པའི་ནང་ཆབ་སྲིད་ཀྱི་ལམ་ལུགས་བོད་པ་རང་གི་གོ་དོན་ལྟར་བྱས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཐོག་ནས་སྤྱི་ཚོགས་སམ་རྒྱལ་ཁབ་ལ་གྱོང་གུད་ཉག་གཅིག་ཏུ་འགྱུར་རྒྱུ་ལས་མེད། དཔེར་ན་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ནས་གཙོ་བོ་འདོད་ཆུང་ཆོག་ཤེས་བྱེད་དགོས་ལ། དེ་བས་ཀྱང་ཐེག་པ་ཆེན་པོའི་ཉམས་ལེན་གྱི་ཐོག་ནས་བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་ལས་གཞན་གཅེས་བཅས་རིམ་པས་ལག་བསྟར་བྱེད་དགོས་ཀྱང་། ཆབ་སྲིད་ཀྱི་ལག་ལེན་ཐོག་ནས་བདག་གཙོ་བོར་འཛིན་མ་ཐུབ་ན་ད་ལྟའི་དུས་རབས་འདིར་གཡོ་སྒྱུ་དང་། སྟོབས་ཤུགས་གཙོ་བོར་བཟུང་ནས་འགྲན་རྩོད་བྱེད་བཞིན་པའི་ནང་ནས། མི་རིགས་དང་རྒྱལ་ཁབ་ཅིག་གསོན་པོར་གནས་ཐབས་ཧ་ཅང་དཀའ་བ་མ་ཟད། ལྷག་པར་དུ་དགྲ་བོའི་བཙན་གནོན་དང་དབང་བསྒྱུར་གྱི་འོག་རང་བཙན་ཤོར་བའི་མི་རིགས་ཤིག་ལ་མཚོན་ན། ཁ་ནས་སྙན་པོ་ཇི་ལྟར་བརྗོད་ཀྱང་དོན་དངོས་ལག་ལེན་ཁྲོད་ཆོས་སྲིད་ཟུང་འབྲེལ་ནི་ཡོང་ཐབས་དཀའ་བ་ལྟ་བུར་གྱུར་ཟིན། 

མདོར་ན་རྡུལ་ཕྲན་མཚོན་ཆ་སོགས་གོ་མཚོན་དང་དམག་དོན་གྱི་སྟོབས་ཤུགས་ཡོད་པའི་རྒྱལ་ཁབ་ཅིག་ལ། གཞན་གྱིས་ལས་སླ་པོར་བཙན་འཛུལ་བྱེད་མི་ཕོད་ནའང་། ར་ཤི་ཡས་ཡུག་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པ་ནས་བཟུང་། འཛམ་གླིང་ཤར་ནུབ་ཀུན་ཏུ་དམག་འཁྲུག་གི་འདྲོགས་འགོ་ལང་བཞིན་པ་དང་། ཨི་ཟི་རེལ་དང་། ཨི་རན་གཉིས་ཀྱང་ཕྱོགས་ཡོངས་ནས་དམག་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད། རྩ་བའི་ཆ་ནས་༧གོང་ས་མཆོག་གིས་བདེན་ཚིག་སྨོན་ལམ་ནང་།  “རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན།། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།། སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།”ཅེས་ཐུགས་སྨོན་མཛད་པ་བཞིན། ཆོས་ཀྱི་བསླབ་བྱ་དང་འབྲེལ་ནས་ཆབ་སྲིད་སྐྱོང་མཁན་གྱི་དཔོན་རིགས་ནུས་ཤུགས་ལྡན་པ་ཞིག་བྱུང་ན་འཛམ་གླིང་ཞི་བདེ་ཡོང་བར་ཕན་ཡང་། དེ་ལྟ་བུའི་ཆོས་སྲིད་ཟུང་འབྲེལ་ཞིག་ཡོང་རྒྱུ་ནི་ད་ལྟའི་ཆར་ཧ་ཅང་དཀའ་བ་ལྟ་བུར་གྱུར་ཟིན།།