ཇར་མན་གྱིས་རྒྱ་ནག་ལ་དབྱིན་སྒོར་ཐེར་འབུམ་ ༡༣༠ ཡི་གུན་གསབ་དགོས་ཚུལ་བཤད་འདུག

རྒྱ་ནག་གིས་གལ་གནད་ཀྱི་སྐབས་སུ་གནས་ཚུལ་སྦས་གསང་བྱས་ཏེ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འཛམ་གླིང་ལ་ཁྱབ་ཏུ་བཅུག་པ་ལ། སྐྱོན་བརྗོད་དང་ཁོང་ཁྲོ་བྱེད་མཁན་གྱི་སྲིད་གཞུང་དང་མི་སྒེར་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། ཇར་མན་གྱི་གསར་ཁང་ཆེ་ཤོས་ཤིག་གིས་རྒྱ་ནག་ལ་དབྱིན་སྒོར་ཐེར་འབུམ་ ༡༣༠ ཡི་གུན་འཛིན་(གུན་གསབ་ཀྱི་འཛིན།)་བཏང་སྟེ་གུན་གསབ་དགོས་ཚུལ་བརྗོད་འདུག 

ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཇར་མན་གྱི་གསར་ཁང་ཆེ་ཤོས་ཤིག་སྟེ་བྷེལ་ཌི་(Bild)ཡིས་རྒྱ་ནག་ལ་དབྱིན་སྒོར་ཐེར་འབུམ་ ༡༣༠ ཡི་གུན་འཛིན་ཞིག་བཏང་ནས་དེ་ལ་གུན་གསབ་དགོས་ཚུལ་བཤད་རྗེས། རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་ཡོད་འདུག 

དེ་ཡང་ཉེ་བའི་ཆར་ཨ་རི་དང་། དབྱིན་ཇི། ཧྥ་རན་སི་བཅས་ཀྱིས་ནད་ཡམས་ཐོག་མར་བྱུང་སའི་རྒྱ་ནག་ལ་ཁོང་ཁྲོའི་རྣམ་འགྱུར་ཇེ་ཆེར་སྟོན་བཞིན་པ་ལྟར། ཇར་མན་གྱིས་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས་བཤད་པ་ཡིན་འདུག་ཅིང་། སྐྱོན་བརྗོད་དེ་དག་ཀྱང་ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱིས་གཙོས་པའི་གལ་ཆེའི་གནས་ཚུལ་རྣམས་རྒྱ་ནག་གིས་སྦས་གསང་བྱས་པ་རྣམས་ལྷང་དུ་འབུད་བཞིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཡིན་འདུག 

བདུན་ཕྲག་གོང་མའི་རེས་གཟའ་སྤེན་པའི་ཉིན། ཨ་རིའི་སྲིད་འཛིན་ཊོམ་གྱིས་གལ་སྲིད་རྒྱ་ནག་གིས་ནད་ཡམས་འདི་“ཤེས་བཞིན་”ཁྱབ་ཏུ་བཅུག་པ་ཡིན་ན། མཇུག་འབྲས་ཚབས་ཆེན་ཡོང་ངེས་པའི་ཉེན་བརྡ་བཏང་འདུག་སྟེ། ཁོང་གིས་གསར་འགོད་པ་ཚོར་“ནད་ཡམས་འདི་རྒྱ་ནག་ནས་བཀག་འགོག་ཐུབ་ཀྱི་་ཡོད་ཀྱང་མ་བྱས་པ་རེད། དེ་ལ་བརྟེན་ནས་[ད་ལྟ་]འཛམ་གླིང་ཧྲིལ་པོས་དཀའ་སྡུག་མྱོང་བཞིན་ཡོད། གལ་ཏེ་དེ་ནོར་འཁྲུལ་ཤོར་བ་ཞིག་ཡིན་ན། ནོར་འཁྲུལ་ནོར་འཁྲུལ་རང་རེད། ཡིན་ན་ཡང་། གལ་སྲིད་ཁོ་ཚོས་ཤེས་བཞིན་ཁྱབ་ཏུ་བཅུག་པ་ཡིན་ན་མཇུག་འབྲས་མྱོང་དགོས་”ཞེས་གསུངས་འདུག 

གཞན་ཡང་། ཁོང་གིས་དྲི་བ་ཞིག་ལྷག་ཡོད་པ་ནི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དེ་“སྟངས་འཛིན་གྱི་རྒྱ་ལས་ཤོར་བའི་ནོར་འཁྲུལ་ཞིག་ཡིན་ནམ། ཡང་ན་ཆེད་དུ་བཏང་བ་ཞིག་ཡིན་”ཞེས་པ་དེ་རེད་ཅེས་གསུངས་འདུག་པ་མ་ཟད། ད་ལྟའི་ཆར་སྲིད་འཛིན་ཊོམ་དང་ཁོང་གི་སློབ་སྟོན་པ་ཚོས་རྒྱ་ནག་ལ་ཕྱི་གསལ་ནང་གསལ་མེད་པར་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་སྒང་ཡིན་འདུག 

བདུན་ཕྲག་གོང་མའི་ནང་། རྒྱ་ནག་གིས་གློ་བུར་དུ་ནད་ཡམས་འདི་ཐོག་མར་བྱུང་སའི་གྲོང་ཁྱེར་ཝུའུ་ཧན་གྱི་ཤི་བའི་གྲངས་ཚད་བརྒྱ་ཆ་ ༥༠ སྤར་ནས་ད་ནི་གསང་དགོས་པའི་གནད་དོན་ཅི་ཡང་མེད་པའི་རྣམ་པ་སྟོན་ཐབས་བྱས་འདུག་རུང་། དབྱིན་ཇིས་ཀྱང་ཨ་རི་དང་མཉམ་འབྲེལ་གྱིས་ནད་ཡམས་དེའི་ཐོག་མའི་འབྱུང་ཁུངས་དངོས་གནས་གང་ཡིན་རྩད་གཅོད་བྱེད་འགོ་བརྩམས་པའི་ཐོག ཇར་མན་གྱི་གསར་ཁང་ཆེན་པོ་དེས་“རྒྱ་ནག་གིས་ང་ཚོ་ལ་ཆད་པ་”ཞེས་པའི་ཁ་བྱང་ཅན་གྱི་གུན་འཛིན་དེ་བཏང་ཡོད་འདུག 

གུན་གསབ་དགོས་པའི་གྲངས་ཐོ་དེའི་ནང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་ཇར་མན་གྱི་ཡུལ་སྐོར་ལས་རིགས་ལ་ཕོག་པའི་གྱོང་གུན་དབྱིན་སྒོར་ཐེར་འབུམ་ ༢༧ དང་། གློ་བརྙན་ལས་རིགས་ལ་ཕོག་པའི་གྱོང་གུན་དབྱིན་སྒོར་ཐེར་འབུམ་ ༧.༢། དེ་བཞིན་ཚོང་ལས་ཆུང་ཚགས་ལ་ཐེབས་པའི་གྱོང་གུན་དབྱིན་སྒོར་ཐེར་འབུམ་ ༥༠ སོགས་ཁྱོན་བསྡོམས་དབྱིན་སྒོར་ཐེར་འབུམ་ ༡༣༠ བཀོད་ཡོད་འདུག 

རྒྱ་ནག་གིས་གནས་ཚུལ་དེས་“རྒྱལ་ཞེན་རིང་ལུགས་དང་རྒྱལ་ཁབ་དབྱེ་འབྱེད་ཀྱི་ཚོར་བ་ཤུགས་ཆེ་རུ་གཏོང་”ཞེས་བཤད་དེ་སྐྱོན་བརྗོད་བྱས་འདུག་པར། གསར་ཁང་དེའི་རྩོམ་སྒྲིག་པ་ཇུའུ་ལན-རེ་ཆལ་ཏྲི་(Julian Reichelt)ཡིས་“ང་ཚོའི་གསར་ཁང་གིས་ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་ཡོངས་ལ་དཔལ་འབྱོར་གྱི་གྱོང་གུན་ཚད་མེད་སྟེར་བཞིན་པ་དེར་རྒྱ་ནག་གིས་གུན་གསབ་བྱ་མིན་དྲིས་པ་ཡིན་”ཞེས་བརྗོད་པའི་ཁར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་“ཁྱོད་ཀྱི་སྲིད་གཞུང་དང་ཚན་རིག་པ་ཚོས་དུས་ཡུན་རིང་པོའི་སྔོན་ནས་ནད་ཡམས་ཤིན་ཏུ་འགོ་སླ་བོ་ཡོད་པ་ཤེས་ཡོད་ངེས་ན་ཡང་། ཁྱོད་ཀྱིས་འཛམ་གླིང་ལ་གསང་ནས་བཞག་པ་རེད། ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་ཝུའུ་ཧན་གྲོང་ཁྱེར་དུ་ཅི་ཞིག་འབྱུང་བཞིན་ཡོད་པའི་སྐད་ཆ་དྲིས་པ་ན། ཁྱོད་ཀྱི་ཚན་རིག་པ་ཆེ་ཤོས་རྣམས་ཀྱིས་ལན་སྟེར་མེད། ཁྱོད་ཁེངས་དྲེགས་དང་རྒྱལ་ཞེན་ཆེ་དྲགས་པས། ཁྱོད་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་ངོ་ཚ་ཞིག་ཏུ་ཚོར་བའི་བདེན་པ་དེ་བཤད་མ་ཕོད་པ་རེད་”ཅེས་ཡ་ལན་དྲག་པོ་སྟེར་ཡོད་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།