ཇར་མན་རོགས་ཚོགས་ཤིག་བོད་མིའི་གནས་སྟངས་རྟོག་ཞིབ་ཆེད་བཞུགས་སྒར་དུ་ཕེབས།

ཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཞུས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྣམ་པས་ཁོང་རྣམས་ལ་བོད་ཀྱི་གནས་སྟངས་སྐོར་འགྲེལ་བརྗོད་གནང་འདུག
ཕྱི་ཟླ་༤པའི་ཚེས་ ༢༨ ཉིན་ཇར་མན་རོགས་ཚོགས་ཀྱི་ལྷོ་ཨེ་ཤི་ཡའི་སྐུ་ཚབ་ཚོགས་ཆུང་ཞིག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་རྗེས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་འདུག འཇར་མན་རོགས་ཚོགས་FNFནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཤེས་ཡོན། འཕྲོད་བསྟེན། གཞིས་ཆགས་ཁག་ནང་འཛུགས་བསྐྲུན་གྱི་ལས་གཞི་འདྲ་མིན་ཐོག་ལོ་མང་པོར་རྒྱབ་སྐྱོར་རོགས་རམ་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ད་ཐེངས་ཁོང་རྣམས་༧གོང་ས་མཆོག་ཞལ་མཇལ་ཆེད་དང་བཙན་བྱོལ་བོད་མིའི་གནས་སྟངས་ལ་ཤེས་རྟོགས་བྱ་རྒྱུ། དེ་བཞིན་བོད་མི་ཚོ་དང་དངོས་སུ་ཐུག་ནས་བོད་དོན་གོ་རྟོགས་གོང་འཕེལ་ཡོང་ཆེད་བཞུགས་སྒར་དུ་ཕེབས་པ་ཞིག་རེད་འདུག དེའི་ནང་ཇར་མ་ནཱིའི་གྲོས་ཚོགས་འཐུས་མི་དང་། ཇར་མན་མངའ་སྡེའི་གྲོས་ཚོགས་འཐུས་མི་གཙོས་པའི་སྐུ་ཚབ་ཚོགས་ཆུང་དེ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་བཅས་ཀྱིས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཞིང་། སྐབས་དེར་སྐུ་མགྲོན་རྣམས་ལ་༧གོང་ས་༧སྐྱབས་མགོན་མཆོག་གི་མང་གཙོ་ཞེས་པའི་བརྙན་ཐུང་གཟིགས་འབུལ་ཞུས་འདུག་པ་དང་།

དེའི་རྗེས་སུ་དཔལ་ལྡན་ཚོགས་གཞོན་ནས་འཚམས་འདྲི་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་མ་བྱས་གོང་ལ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ཡང་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ལྟ་བུར་གནས་ཡོད་པ། འོན་ཀྱང་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་ལ་ཉེན་ཁ་ཡང་ཡང་བཟོ་བཞིན་ཡོད་པའི་སྐོར་དང་། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཆགས་ཀྱི་ཡོད་པ་མ་ཟད། བོད་ནས་བབས་པའི་རྒྱུག་ཆུ་དེ་དག་ཉེ་འཁོར་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་འབོར་དུང་ཕྱུར་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པ་སོགས་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་། བོད་ཀྱི་ཆོས་དང་། རིག་གཞུང་གི་གལ་གནད་སོགས་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་གནད་དོན་གསལ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ། དེ་བཞིན་བོད་ནང་ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་གྱིས་བོད་ཕྲུག་རྣམས་བཙན་ཤེད་ཐོག་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་གི་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་གསུངས་ཡོད་འདུག གཞན་ཡང་ཇར་མན་སྐུ་ཚབ་ཚོགས་ཆུང་ནས་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འགྲོ་ལུགས་ལ་བསྔགས་བརྗོད་སོགས་གནང་རྗེས། དཔལ་ལྡན་ཚོགས་གཞོན་ནས་སྐུ་མགྲོན་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་སོགས་གནང་འདུག གོང་གསལ་གནས་ཚུལ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བ་སོགས་ནས་བཏུས།
གསར་འགོད་པ་བསྟན་འཛིན་ལམ་བཟང་།