ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་དེ་བཞིན་དྲ་རྒྱ་བརྒྱུད་དེ་འཚོགས་གཏན་འཁེལ་བ།
སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་(Third Geneva Forum)ཟླ་འདི་ཚེས་༩ ནས་༡༣ བར་དྲ་རྒྱ་བརྒྱུད་དེ་འཚོགས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གླེང་སྟེགས་དེའི་དབུ་འབྱེད་དང་གསུང་བཤད་གནང་གཏན་འཁེལ་ཡོད་འདུག
ཇི་ནི་ཝའི་གླེང་སྟེགས་ཞེས་པ་དེ་ནི་ཐོག་མར་ཕྱི་ལོ་༢༠༡༨ ལོར་འགོ་ཚུགས་པ་ཞིག་ཡིན་ཞིང་། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་དང་། མཁས་པ། ལས་འགུལ་བ། ཞིབ་འཇུག་པ། གཞུང་གི་དབུ་ཁྲིད་ལ་སོགས་པའི་གནད་ཡོད་མི་སྣ་རྣམས་མཉམ་དུ་འཛོམས་ནས་བོད་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན། ཧོང་ཀོང་ལྟ་བུའི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་དང་བགྲོ་གླེང་བྱེད་སའི་སྡིངས་ཆ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་འདུག
ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི། “རྒྱ་ནག་གི་ཆོས་དད་རང་དབང་གི་སྲིད་བྱུས་དང་དེས་རྒྱལ་སྤྱི་ལ་ཐེབས་པའི་ཤུགས་རྐྱེན་”(China’s Policy on Freedom of Religion: Global Impact.)ཞེས་པ་ཡིན་འདུག་ཅིང་། བརྗོད་གཞི་དེའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་མི་སྣ་དང་། གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་པའི་ཡང་སྲིད་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་དང་། དེ་བཞིན་ཡུ་གུར་བ་དང། ཡི་ཤུ། ཆོས་འཁོར་སྒོམ་སྒྲུབ་(Falun Gong)དང་། རྒྱ་རིགས་ཡེ་ཤུའི་ཆོས་པ་བཅས་ལ་སྔར་བས་ཀྱང་ཆེ་བའི་དྲག་གནོན་དང་། དམ་དྲག་བྱེད་པའི་གནད་དོན་སྐོར་བགྲོ་གླེང་བྱེད་གཏན་འཁེལ་འདུག
ཇི་ནི་ཝའི་གླེང་སྟེགས་ཞེས་པའི་ཚོགས་ཆེན་དང་པོ་དེ་ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༢ ཉིན་འཚོགས་ནས་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་”ཞེས་པའི་བརྗོད་གཞིའི་ཐོག་ལ་བགྲོ་གླེང་བྱས་ཏེ་ལེགས་འགྲུབ་ཆེན་པོ་བྱུང་སྟབས། ཐེངས་གཉིས་པ་དེ་༢༠༡༩ ཟླ་༡༡ ཚེས་༡༤-༡༥ བར་འཚོགས་འདུག
ད་ལོ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་(Wuhan)ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡོངས་ལ་ཁྱབ་སྟེ་འགྲུལ་བཞུད་དང་འདུ་འཛོམས་ལ་དཀའ་ཉེན་ཚབས་ཆེན་འཕྲད་བཞིན་པར་བརྟེན། ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའང་དྲ་ཐོག་ནས་འཚོགས་གཏན་འཁེལ་བ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།